མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་རྒྱལ་སྲུང་པུའི་པུའུ་ཀྲང་ཧྲོ་དབྱི་ཀུ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་21ཉིན། 16:54】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་རྒྱལ་སྲུང་པུའི་པུའུ་ཀྲང་ཧྲོ་དབྱི་ཀུ་དང་མཇལ་འཛོམས་གནང་བ།

         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་འཚམས་འདྲིར་ཕེབས་པའི་ཨུ་རུ་སུའི་རྒྱལ་སྲུང་པུའི་པུའུ་ཀྲང་ཧྲོ་དབྱི་ཀུ་དང་མཇལ་འཛོམས་གནང་བ་རེད།
          ཧྲོ་དབྱི་ཀུ་ཡིས་དང་ཐོག་ཙུང་ཐུང་ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གནང་བའི་བྱམས་བརྩེའི་འཚམས་འདྲི་བརྒྱུད་སྤྲོད་བྱས་པ་རེད། ཞི་ཅིན་ཕིང་གིས་ཐུགས་རྗེ་ཆེ་ཞུས་གནང་བ་དང་འབྲེལ་ཧྲོ་དབྱི་ཀུར་ཙུང་ཐུང་ཕུའུ་ཅིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་སྤྲོད་བྱེད་རོགས་ཞེས་ཞུས་པ་རེད།
          ཞི་ཅིན་ཕིང་གིས་འདི་ལོ་ཚུན་ཀྲུང་ཨུའི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་པ་དང་ཕྱོགས་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མཐོ་ཤོས་སུ་སླེབས་ཡོད། ཉེ་བའི་ཟླ་ལྔ་ཡི་རིང་ང་དང་ཙུང་ཐུང་ཕུའུ་ཅིང་དབར་ཐུག་འཕྲད་ཐེངས་3བྱས་པ་ལས། ཀྲུང་ཨུའི་འབྲེལ་བའི་ཆུ་ཚད་མཐོ་པོ་དང་དམིགས་བསལ་རང་བཞིན་མངོན་ཡོད། ཕྱོགས་གཉིས་པོས་ཕན་ཚུན་འཐབ་ཇུས་མཉམ་ལས་རོགས་ཟླ་གལ་ཆེན་དང་ཕྱི་འབྲེལ་བྱ་ཡུལ་གཙོ་བོར་མཐའ་འཁྱོངས་བྱས་པ་དང་། རྒྱལ་ཁབ་གཉིས་པོའི་དབར་གྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་པ་བཅས་འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་འགག་རྩའི་མཐུན་རྐྱེན་དང་དགེ་མཚན་ལྡན་པའི་སྟོབས་ཤུགས་ལ་གྱུར་ཏེ་རྒྱལ་ཁབ་ཆེན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་འབྲེལ་བའི་མིག་དཔེ་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཨུ་རུ་སུ་ཕྱོགས་དང་མཉམ་དུ་ཕྱི་ལོའི་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་70འཁོར་བའི་གོ་སྐབས་བཟང་པོ་བེད་སྤྱོད་གང་ལེགས་བྱས་ཏེ་ཕྱོགས་ཡོངས་ཀྱི་མཉམ་ལས་དང་ཕན་ཚུན་རྒྱབ་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཨུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་མང་བ་བསྐྲུན་རྒྱུ་ཡིན་ཞེས་གསུངས།
          ཞི་ཅིན་ཕིང་གིས་ཀྲུང་ཨུ་དམག་དཔུང་གཉིས་དབར་གྱི་འབྲེལ་བ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོ་བ་དང་དམིགས་བསལ་རང་བཞིན་གྱི་མཚོན་རྟགས་གལ་ཆེན་ཞིག་དང་འཐབ་ཇུས་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་དང་འདེགས་སྐྱོར་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་དམག་དཔུང་གཉིས་པོས་མཉམ་འབྲེལ་དངོས་སྦྱོང་དང་། དངོས་འཐབ་ཅན་གྱི་ནང་སྦྱོང་། དམག་དོན་འགྲན་བསྡུར་སོགས་ཀྱི་ཁྱབ་ཁོངས་ཁག་ལ་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་བཏང་བར་དགེ་མཚན་ལྡན་པའི་གྲུབ་འབྲས་མང་པོ་ཐོབ་ནས་ཕྱོགས་གཉིས་ཀར་ཕན་པ་ཆེན་པོ་ཐོབ་ཡོད། དམག་དཔུང་གཉིས་པོས་ཐུན་མོང་གི་བདེ་འཇགས་ཉེན་ཁར་ཁ་གཏད་གཅོག་པ་དང་། རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་རྒྱས་གོང་འཕེལ་ལ་ཕྱི་རོལ་གྱི་ཁོར་ཡུག་ཡག་པོ་བསྐྲུན་པ། མཉམ་ལས་ཀྱི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་བ་བཅས་བྱས་ནས་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་རེ་ཡོད་ཅེས་གསུངས།
         ཞི་ཅིན་ཕིང་གིས་ཀྲུང་ཨུས་བློ་བརྟན་འགྱུར་མེད་ངང་འཐབ་ཇུས་མཉམ་ལས་ཟབ་ཏུ་བཏང་སྟེ་ཐུན་མོང་ཐོག་རྒྱལ་སྤྱིའི་སྒྲིག་ལམ་བརྟན་དུ་གཏོང་བའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་རང་སོ་སོ་དང་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱེད་དགོས། རྒྱལ་སྤྱིའི་བདེན་ལམ་དང་དུས་རབས་ཀྱི་རླབས་རྒྱུན་དེ་ཞི་བདེར་དགའ་བའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་མི་དམངས་ལ་དབང་རྒྱུ་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས།
          ཧྲོ་དབྱི་ཀུས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་གི་འཐབ་ཇུས་ཁྲིད་སྟོན་ནི་ཨུ་ཀྲུང་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བའི་རྨང་གཞི་གལ་ཆེན་ཞིག་རེད། ཙུང་ཐུང་ཕུའུ་ཅིང་གིས་དམག་དཔུང་གཉིས་པོའི་དབར་གྱི་མཉམ་ལས་ལ་མཐོང་ཆེན་བྱེད་པ་དང“ཤར་ཕྱོགས—2018”འཐབ་ཇུས་དངོས་སྦྱོང་ཁྲོད་ཀྱི་ཕྱོགས་གཉིས་པོའི་མཐུན་སྦྱོར་གཞོགས་འདེགས་ལ་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་དམག་དཔུང་དབར་གྱི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་དང་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་འཐབ་ཇུས་མཉམ་ལས་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གཉིས་པོའི་དམག་དོན་མཉམ་ལས་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ། བདེ་འཇགས་ཀྱི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པའི་འཇོན་ཐང་ཐུན་མོང་ཐོག་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་ཐུན་མོང་ཁེ་ཕན་དང་རྒྱལ་སྤྱིའི་ས་ཁུལ་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ལ་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བརྗོད།

  
style="display:none;"