མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཀོང་ཏུང་ལ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན། དུས་རབས་གསར་
པའི་སྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་བསྒྲེངས་ནས་སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་
མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་27ཉིན། 12:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཀོང་ཏུང་ལ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན། དུས་རབས་གསར་
པའི་སྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་བསྒྲེངས་ནས་སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་
མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པ།

         ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་ཟླ་10ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀོང་ཏུང་ལ་རྟོག་ཞིབ་གནང་སྐབས་དུས་རབས་གསར་པར་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ལ་རྒྱ་ཁྱབ་དང་གཏིང་ཟབ་ཀྱི་འགྱུར་ལྡོག་བྱུང་བ་དང་སྒྱུར་བཅོས་འཕེལ་རྒྱས་ལ་དུས་བབ་གསར་པ་དང་། ལས་འགན་གསར་པ། འགྲན་སློང་གསར་པ་བཅས་འཕྲད་ཡོད་པས་ང་ཚོས་གོ་སྐབས་དམ་འཛིན་དང་འགྲན་སློང་བསུ་བའི་འགག་རྩ་དེ་དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་བསྒྲེངས་ནས་མུ་མཐུད་དེ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས། ཁོར་ཡུག་ཇི་ཙམ་རྙོག་འཛིང་ཆེ་ན་ང་ཚོས་དེ་ཙམ་གྱིས་དེ་བས་བརྟན་པའི་ཆོད་སེམས་དང་དེ་བས་ནུས་ལྡན་གྱི་བྱེད་ཐབས་ཐོག་ནས་སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཟླ་བ་བཅུ་པའི་ཀོང་ཏུང་ལྷོ་ཕྱོགས་ཀྱི་ས་གཞི་ཆེ་མོར་སིལ་རླུང་ལྡང་ཞིང་། ཏན་ཀུའེ་མེ་ཏོག་གི་དྲི་ཞིམ་ཕྱོགས་བཞིར་འཐུལ། ཟླ་10ཚེས་22ཉིན་ནས་ཚེས་25ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ལི་ཤིས་དང་ཧྲེང་ཀྲང་མ་ཤིན་རུའེ་ཡི་ཕེབས་རོགས་འོག་ཞི་ཅིན་ཕིང་སྔ་རྗེས་སུ་ཀྲུའུ་ཧའེ་དང་། ཆིང་ཡོན། ཧྲེན་ཀྲེན། ཀོང་ཀྲོའུ་སོགས་སུ་ཕེབས་ནས་ཁེ་ལས་དང་། མཐོ་སློབ། གྲོང་གསེབ། སྡེ་ཁུལ་བཅས་སུ་ཟབ་བསྐྱོད་གནང་སྟེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ལུགས་སོགས་ལ་རྟོག་ཞིབ་གནང་བ་རེད།
         ཚེས་22ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཀྲུའུ་ཧའེ་ཧོང་ཆིང་ཁུལ་གསར་གྱི་ཀོང་ཏུང་དང་ཨའོ་མོན་མཉམ་ལས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཚན་རྩལ་ཐོན་ལས་གླིང་དུ་རྟོག་ཞིབ་གནང་ཞིང་། ཐོན་ལས་གླིང་དེ་ནི《ཀོང་ཏུང་དང་ཨའོ་མོན་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》བཞག་ནས་གཉེར་བའི་རྣམ་གྲངས་ཐོག་མ་དེ་ཡིན་པ་རེད། ཞི་ཅིན་ཕིང་གིས་བརྙན་ལམ་དང་། བྱེ་གཞོང་། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཐོན་རྫས་བཅས་ཀྱི་འགྲེམས་སྟོན་གཟིགས་ཏེ་ཧོང་ཆིང་ཁུལ་གསར་གྱི་འཆར་འགོད་འཛུགས་སྐྲུན་དང་དེ་བཞིན་ཐོན་ལས་གླིང་འཛུགས་སྐྲུན་གཉེར་སྐྱོང་དང་ཀྲུང་ལུགས་གསོ་རིག་སྨན་རྫས་ཐོན་ལས་འཕེལ་རྒྱས་དང་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། འཁོར་ཁང་ལ་ཕེབས་ནས་ཀྲུང་ལུགས་གསོ་རིག་སྨན་རྫས་ཐོན་སྐྱེད་བརྒྱུད་རིམ་ལ་གཟིགས་ཞིབ་གནང་བ་རེད། ཞིབ་སྤེལ་ཞིབ་དཔྱད་ཚད་ལེན་ཐོག་བརྩེགས་ཁང་ཆེན་དུ་ཚན་ཞིབ་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པར་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་ལུགས་གསོ་རིག་སྨན་རྫས་རིག་པ་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་མཆོག་ནོར་རེད། ཀྲུང་ལུགས་གསོ་རིག་སྨན་རྫས་ནོར་མཛོད་ཀྱི་ཉིང་བཅུད་སྔོག་འདོན་གཏིང་ཟབ་བྱས་ཏེ་ཐོན་སློབ་ཞིབ་བཅས་གཞི་གཅིག་ཅན་དང་ཀྲུང་ལུགས་གསོ་རིག་སྨན་རྫས་ཐོན་ལས་ཅན་དང་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ་ཀྲུང་ལུགས་གསོ་རིག་སྨན་རྫས་འཛམ་གླིང་ལ་སྐྱོད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད། ཁོང་གིས་ཧོང་ཆིང་ཁུལ་གསར་བསྐྲུན་པའི་ཐོག་མའི་དམིགས་ཡུལ་ནི་ཨའོ་མོན་ཐོན་ལས་སྣེ་མང་འཕེལ་རྒྱས་ལ་ཆ་རྐྱེན་བསྐྲུན་རྒྱུ་དེ་རེད། ཧོང་ཆིང་གྲོང་ཁྱེར་ལ་ཀོང་ཏུང་དང་ཨའོ་མོན་མཉམ་ལས་བྱེད་པའི་སྔར་ཡོད་ཀྱི་ལེགས་ཆ་ལྡན་ཡོད་པས། སྲིད་ཇུས་ཐད་ནས་རོགས་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། མཉམ་ལས་ཀྱི་བར་མཐོངས་ཆེ་རུ་གཏོང་བ། གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཨའོ་མོན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་དེ་བས་གསོན་ཤུགས་ལྡན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། 
        ཆིང་ཡོན་གྲོང་ཁྱེར་ནི་སྒྱུར་བཅོས་ཀྱི་བསམ་བློ་ཟབ་མོ་ལྡན་པའི་ས་གཞི་ཞིག་རེད། 1978ལོར། ཆིང་ཡོན་གྱིས་སྔོན་ཚུད་ནས་རྒྱལ་གཉེར་བཟོ་གྲྭར“འཆར་གཞིའི་ལས་བརྒལ་ན་ཁེ་སྤོགས་ཀྱི་བྱ་དགའ་སྤྲོད་རྒྱུ”ཁྱབ་གདལ་བཏང་ནས“ཆིང་ཡོན་གྱི་ཉམས་མྱོང”བཏོད་ཡོད། ཚེས་23ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཆིང་ཡོན་གྲོང་ཁྱེར་ཁོངས་གཏོགས་ཀྱི་དབྱིན་ཏེ་གྲོང་ཁྱེར་གྱི་དྲ་ཐོག་ཚོང་དོན་ཐོན་ལས་གླིང་དུ་རྟོག་ཞིབ་གནང་སྐབས། ཀོང་ཏུང་ཞིང་ཆེན་གྱིས་ཀོང་ཏུང་ཤར་ནུབ་བྱང་གསུམ་གྱི་དབུལ་སྒྲོལ་འགག་སྒྲོལ་དང་ཆིང་ཡོན་གྲོང་ཁྱེར་གྱི་གྲོང་གསེབ་ཕྱོགས་བསྡུས་སྒྱུར་བཅོས་ལས་དོན་གྱི་སྙན་སེང་གསན་རྗེས་ས་གནས་ཀྱི་བྱེད་ཐབས་ལ་གདེང་འཇོག་གནང་བ་རེད། ཞི་ཅིན་ཕིང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་དོ་མི་མཉམ་པ་དེ་ནི་ཀོང་ཏུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཞན་ཆ་ཆེ་ཤོས་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲུབ་ཆ་མི་འདྲ་བ་གཉིས་ཀྱི་གནད་དོན་ཐག་གཅོད་ལ་གཞོལ་བའི་ཐད་ཤུགས་རྒྱག་ནུས་དེ་བས་ཆེ་རུ་གཏོང་བ་དང་། བྱེད་ཐབས་དེ་བས་གནད་སྨིན་ཐུབ་པར་བྱས་ཏེ་སྙིང་རུས་གཏན་འཁྱོངས་བྱེད་དགོས། རྩོད་སྒྲུབ་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་འདུ་ཤེས་བསྒྱུར་ནས་ཞན་ཆ“མི་མངོན་པའི་སྟོབས་ཤུགས”སུ་འགྱུར་བར་བྱེད་པ་དང་། ཀོང་ཏུང་ཤར་ནུབ་བྱང་ས་ཁུལ་གྱི་སྣོད་བཅུད་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ་དང་། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས།
          ཐོན་ལས་གླིང་ནས་ཞལ་གྱེས་རྗེས། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཀྱག་ཀྱོག་གི་རི་ལམ་བརྒྱུད། ལེན་ཅང་ཁུའོ་གྲོང་རྡལ་ལེན་ཀྲང་གྲོང་ཚོར་ཕེབས། གྲོང་ཚོའི་སྤྱི་པའི་ཞབས་ཞུའི་ས་ཚིགས་སུ་ཞི་ཅིན་ཕིང་གིས་གཞི་རིམ་ཏང་འཛུགས་སྐྱོང་དང་། དབུལ་སྒྲོལ་འགག་སྒྲོལ། གྲོང་མིའི་ཞབས་ཞུ་བཅས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། གྲོང་ཚོའི་དབུལ་སྐྱོར་རྩེད་ཆས་ལས་སྣོན་འཁོར་ཁང་དུ་ཕེབས་ནས་བཟོ་པ་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་ཐོན་ལས་དབུལ་སྐྱོར་ནི་ཆེས་ཐད་ཀ་དང་ཆེས་ཕན་འབྲས་ལྡན་པའི་བྱེད་ཐབས་ཤིག་རེད་ལ། ས་ཁུལ་དབུལ་པོའི་རང་བརྟེན་འཇོན་ཐང་ཆེ་རུ་གཏོང་བ་དང་། མང་ཚོགས་ས་གནས་དེ་རང་དུ་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱེད་པའི་ཕུགས་ཕན་ཇུས་གཞི་ཞིག་ཀྱང་རེད། ཐོན་ལས་དབུལ་སྐྱོར་རྣམ་གྲངས་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་ཐོན་ལས་རྣམ་གྲངས་དེ་བས་མང་པོ་ས་ཁུལ་དབུལ་པོར་གཞི་ཚུགས་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་གཏོང་དགོས། མེ་འཁོར་མགྱོགས་དགོས་ན། མེ་འཁོར་གྱི་མགོའི་སྣེ་ཁྲིད་ལ་བརྟེན་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ངར་ཤུགས་ལྡན་པ་དང་། བྱ་བ་སྒྲུབ་ཤེས་མཁན། སྤྱོད་ཚུལ་ལེགས་པ། གཞུང་དྲང་ངང་བྱ་བ་སྒྲུབ་མཁན་བཅས་ཀྲི་པུའུ་ཧྲུའུ་ཅིར་གསོ་སྐྱོང་དང་འདེམས་པར་མཐོང་ཆེན་བྱས་ཏེ། མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་རྒྱུར་མཐུན་སྒྲིལ་སྣེ་ཁྲིད་བྱེད་དགོས་ཞེས་གསུངས།
         ཞི་ཅིན་ཕིང་གིས་གྲོང་མི་ཚོའི་འཚོ་བའི་གནས་ཚུལ་ལ་ཐུགས་ཁྲལ་ཆེན་པོ་གནང་ཞིང་། ཁོང་དུད་ཚང་དབུལ་པོ་ལུའུ་དབྱི་ཧོ་ཡི་ཁྱིམ་དུ་ཕེབས་ནས་ཁྱིམ་ཚང་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་འཚོ་བ་གང་འདྲ་ཡོད་མེད་དང་དཀའ་ངལ་གང་ཡོད་མེད་ལ་བཀའ་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས་ད་དུང་ཏང་ཡོན་དང་འཐབ་འཛིང་པ་རྒན་གྲས་ལུའུ་ཧྲང་ཧའོ་ལ་གཟིགས་པ་རེད། ཞི་ཅིན་ཕིང་གིས་གྲོང་མི་ཚོར་ངས་ས་ཁུལ་དབུལ་པོའི་མང་ཚོགས་སེམས་ལ་བཅངས་ཡོད། མང་ཚོགས་རྣམས་ཉིན་གཅིག་དབུལ་སྒྲོལ་མ་ཐུབ་ན་ང་ཉིན་གཅིག་བློ་བདེ་པོ་མི་འདུག རང་རེའི་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་མཁན་གྱི་ཏང་ཞིག་དང་། ཏང་གི་ལས་དོན་མཐའ་དག་ནི་མི་སེར་གྱི་སེམས་ཁྲལ་དང་དཀའ་ངལ་བསལ་ནས་བདེ་སྐྱིད་ཡོང་བ་བྱ་རྒྱུ་དེ་རེད། ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ལམ་དུ་མི་གཅིག་ཀྱང་ལུས་མི་རུང་ལ་དབུལ་སྒྲོལ་ཕྱུག་འགྱུར་ནང་མི་གཅིག་ཀྱང་རྗེས་སུ་ལུས་མི་རུང་། མི་རབས་གཅིག་གིས་མི་རབས་གཅིག་གི་རྗེས་མཐུད་ནས་ལས་དོན་བསྒྲུབས་ཏེ་མགྱོགས་མྱུར་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་བྱེད་དགོས་ལ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཤིང་། ཁོང་གིས་མང་ཚོགས་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ཡོང་བའི་རེ་བ་ཡོད་ཅེས་གསུངས།
         ཧྲེན་ཀྲེན་ནི་རང་རྒྱལ་གྱི་དཔལ་འབྱོར་དམིགས་བསལ་ཁུལ་ཞིག་ཡིན་པ་དང་། དེ་ཉིད་ཀྱི་འགྱུར་ལྡོག་ཆེན་པོ་ལས་སྒྱུར་བཅོས་སྒོ་དབྱེའི་སྟོབས་ཤུགས་ཆེན་པོ་མངོན་ཡོད། ཚེས་24ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས“རླབས་རྒྱུན་ཆེན་པོའི་ཁྲོད་ཀྱི་ཀྲུའུ་ཅང་། ཀོང་ཏུང་ལ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་འགྲེམས་སྟོན”ལ་གཟིགས་ཤིང་། འགྲེམས་སྟོན་ཁང་ལ་པར་གསར་རྙིང་བསྡུར་ནས་ལོ་རྒྱུས་འཕོ་འགྱུར་གྱི་རྣམ་པ་མངོན་པ་དང་། ཀོང་ཏུང་ལ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་གཟི་བརྗིད་ལོ་ཟླ་ཡང་མངོན་བཞིན་འདུག ཞི་ཅིན་ཕིང་གིས་འགྲེམས་སྟོན་ལ་གཟིགས་གྱིན་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་རང་རྒྱལ་གྱི་ལོ་བཞི་བཅུའི་རིང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ནི་མིག་ལྡན་ཀུན་གྱིས་དོ་སྣང་བྱེད་པའི་འགྱུར་ལྡོག་ཅིག་རེད་ཅེས་གསུངས། གཟིགས་སྐོར་བསྒྲུབས་རྗེས། ཞི་ཅིན་ཕིང་གིས་ཀོང་ཏུང་ཞིང་ཆེན་གྱི་སྒྱུར་བཅོས་སྒོ་དབྱེའི་ཕྱོགས་ཁག་གི་འཐུས་མི་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་ཁོང་ཚོས་རང་འཁྲིའི་ལས་གནས་ཐོག་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་སྨོན་འདུན་ཞུས་གནང་བ་དང་འབྲེལ། བློ་མཐུན་རྒན་གྲས་ཚོའི་འཚོ་བ་བདེ་སྐྱིད་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས། ངའི་རྟོག་ཞིབ་ཀྱི་ས་ཚིགས་དང་པོ་དེ་ཧྲེན་ཀྲེན་ཡིན། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་སྐབས་སུ་སླར་ཡང་འདི་གར་ཡོང་དོན་ནི་འཛམ་གླིང་ལ་ཀྲུང་གོའི་སྒྱུར་བཅོས་མཚམས་བཞག་མེད་པ་དང་སྒོ་དབྱེའི་གོམ་སྟབས་སྤོ་མཚམས་བཞག་མེད་པར། ཀྲུང་གོས་འཛམ་གླིང་ལ་ཧང་སང་དགོས་པའི་ངོ་མཚར་གསར་པ་དེ་བས་ཆེ་བ་གཏོད་རྒྱུའི་སྙིང་སྟོབས་མངོན་ཆེད། ང་ཚོས་སྒྱུར་བཅོས་སྒོ་དབྱེའི་ཐོག་མའི་བསམ་འདུན་མི་བརྗེད་པར་སྒྱུར་བཅོས་སྒོ་དབྱེའི་ལོ་བཞི་བཅུའི་གྲུབ་འབྲས་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ཏེ། སྒྱུར་བཅོས་སྒོ་དབྱེའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་ཀྱི་བདེ་སྐྱིད་ཆེད་དོན་གཉེར་བྱ་རྒྱུ་དེ་སྒྱུར་བཅོས་ཀྱི་གྲུབ་འབྲས་ལ་ཞིབ་བཤེར་བྱ་རྒྱུའི་ཚད་གཞིར་བརྩིས་ནས་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་ལས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་དེ་བས་ཕན་པ་ཐོབ་པར་བྱེད་དགོས། ཀོང་ཏུང་གིས་མཆོང་ཕོད་པ་དང་ཚོད་ལྟ་བྱེད་ཕོད་པ་དང་གཞན་གྱི་སྔོན་དུ་སྒྲུབ་ཕོད་པའི་སྒྱུར་བཅོས་སྙིང་སྟོབས་དར་སྤེལ་བཏང་ནས་རང་ཉིད་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། ཉམས་མྱོང་དེ་བས་མང་པོ་གསར་གཏོད་བྱས་ནས་སྒྱུར་བཅོས་སྒོ་དབྱེའི་དར་ཆ་དེ་བས་མཐོ་པོ་དང་དེ་བས་བརྟན་པོར་སྒྲེང་དགོས་ཞེས་ནན་བཤད་གནང་བ་རེད།
         ཚེས་25ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀོང་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་རྗེས། ཀོང་ཏུང་གི་ལས་དོན་ཁག་ལ་གདེང་འཇོག་གནང་ཞིང་། ཁོང་གིས་ཀོང་ཏུང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་ནན་ཏན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་བསམ་བློར་སླར་ཡང་བཅིངས་འགྲོལ་དང་། སྒྱུར་བཅོས་སླར་ཡང་ཟབ་གཏོང་། ལས་དོན་སླར་ཡང་དོན་འཁྱོལ་བཅས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།
         ཞི་ཅིན་ཕིང་གིས་ཀོང་ཏུང་ནི་སྒྱུར་བཅོས་སྒོ་དབྱེའི་སྣེ་ཁྲིད་དམག་དང་། སྔོན་སྐྱོད་ས་ཁུལ། ཚོད་ལྟའི་ས་ཁུལ་བཅས་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ཀོང་ཏུང་གིས་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་ལག་ལེན་བྱེད་པར་སྐུལ་ལྕག་བྱས་ཡོད། ཀོང་ཏུང་གི་ལོ་བཞི་བཅུའི་འཕེལ་རྒྱས་ལོ་རྒྱུས་ལས་སྒྱུར་བཅོས་སྒོ་དབྱེ་ནི་ཏང་དང་མི་དམངས་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་སུ་སྙེག་པའི་མཆོག་ནོར་གལ་ཆེན་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་ལྡོག་མེད་ཀྱི་ལམ་བུ། དེང་སྐབས་ཀྲུང་གོའི་ལས་དབང་གཏན་འཁེལ་བྱེད་པའི་འགག་རྩའི་བྱེད་ཐབས། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་གྱི་འགག་རྩའི་བྱེད་ཐབས་བཅས་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད། སྒྱུར་བཅོས་སྒོ་དབྱེའི་ཉམས་མྱོང་དང་བློ་འབྱེད་ཕྱོགས་སྡོམ་ཡག་པོ་བྱ་རྒྱུ་ནི། ལོ་བཞི་བཅུའི་དཀའ་ཚེགས་ཀྱི་འཚོལ་ཞིབ་དང་ལག་ལེན་ལ་རྟེན་འབྲེལ་ཞུ་སྟངས་ཡག་ཤོས་ཤིག་རེད་ལ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱེད་ཐུབ། རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པར་བྱས་ཏེ། སྒྱུར་བཅོས་སྒོ་དབྱེའི་མིག་རྒྱང་ནས་སྒྱུར་བཅོས་སྒོ་དབྱེར་ལྟ་དགོས་པ་དང་འབྲེལ་དུས་བབ་གསར་པའི་འོག་གི་སྒྱུར་བཅོས་སྒོ་དབྱེའི་དུས་རབས་ཀྱི་རང་བཞིན་དང་། མ་ལག་གི་རང་བཞིན། སྤྱི་ཡོངས་ཀྱི་རང་བཞིན་བཅས་ཀྱི་གནད་དོན་ལ་ངོས་འཛིན་གང་ལེགས་བྱས་ནས་འགོ་འཛུགས་ས་དེ་བས་མཐོ་བ་དང་། རིམ་པ་དེ་བས་མཐོ་བ། དམིགས་ཚད་དེ་བས་མཐོ་བ་བཅས་ཀྱི་སྒོ་ནས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། 

༄༅།།ཞི་ཅིན་ཕིང་གིས་ཀོང་ཏུང་ལ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན། དུས་རབས་གསར་
པའི་སྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་བསྒྲེངས་ནས་སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་
མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པ།

  
style="display:none;"