མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ལ་མཇལ་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་28ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ལ་མཇལ་འཕྲད་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་སུ་འཚམས་འདྲི་གནང་བཞིན་པའི་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ལ་མཇལ་འཕྲད་གནང་བ་རེད།
        ཞི་ཅིན་ཕིང་གིས་ཨན་པེ་དངོས་སུ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་གནང་བ་དང་། ཨན་པེ་ཡིས་ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་རི་པིན་གྱི་འབྲེལ་བ་ལེགས་སུ་དང་འཕེལ་རྒྱས་གཏོང་རྒྱུར་འདུན་པ་བཟང་པོ་ཐེངས་མང་མཚོན་པར་བྱས་པར་བསྔགས་བརྗོད་ཟབ་མོ་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་རི་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་ཚད་མཐོའི་མཉམ་དུ་འདྲེས་ཤིང་། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོ་དང་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པའི་ཀྲུང་རིའི་འབྲེལ་བ་ཡུན་རིང་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད་ལ། ས་ཁུལ་འདི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་རེ་སྒུག་ཅིག་ཀྱང་རེད། འདི་ལོ་ནི་ཀྲུང་རིའི་ཞི་བདེའི་མཛའ་གྲོགས་ཆིངས་ཡིག་བཞག་ནས་ལོ་40འཁོར་བའི་ལོ་ཞིག་ཀྱང་ཡིན་ཞིང་། 1978ལོར་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་རབས་རྒན་གྲས་ཀྱིས་བཞག་པའི་ཞི་བདེའི་མཛའ་གྲོགས་ཆིངས་ཡིག་དེས་བཅའ་ཁྲིམས་ཀྱི་བྱེད་ཐབས་ཐོག་ནས་རྒྱལ་ཁབ་གཉིས་ཀྱི་ཡུན་རིང་ཞི་བདེ་མཛའ་གྲོགས་ཀྱི་ཁ་ཕྱོགས་ཆེན་པོ་གཏན་འཁེལ་བྱས་ཏེ་ཕྱོགས་གཉིས་པོས་གཉིས་ཁེ་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་དོན་གཉེར་དང་དེ་བཞིན་ལོ་རྒྱུས་དང་ཐའེ་དབན་སོགས་ཚོར་སྐྱེན་གྱི་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུར་སྲ་ཞིང་བརྟན་པའི་གཞི་འཛིན་ས་དང་འགན་ལེན་མཁོ་འདོན་བྱས་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་མིག་སྔར་ཀྲུང་རིའི་འབྲེལ་བ་རྒྱུན་གཏན་གྱི་ལམ་བུའི་ཐོག་ལོག་ནས་དགེ་མཚན་ལྡན་པའི་རྣམ་པ་སླར་ཡང་མངོན་ཡོད། འདི་ནི་ཕྱོགས་གཉིས་པོས་ཐུན་མོང་ཐོག་གཅེས་སྤྲས་བྱེད་དགོས་པ་ཞིག་རེད། ཕྱོགས་གཉིས་པོས་ཀྲུང་རིའི་ཆབ་སྲིད་ཡིག་ཆ་བཞིའི་ནང་གཏན་ལ་འཁེལ་བའི་རྩ་དོན་ཁག་ལ་བསྟུན་ནས་ཞི་བདེ་མཛའ་གྲོགས་ཀྱི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་དང་གཉིས་ཁེ་མཉམ་ལས་མུ་མཐུད་ཟབ་ཏུ་བཏང་སྟེ་ཀྲུང་རིའི་འབྲེལ་བ་ཡང་དག་པའི་ལམ་བུའི་ཐོག་ལོག་པའི་རྨང་གཞིའི་ཐོག་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་དུས་བབ་གསར་པའི་འོག་ཀྲུང་རི་རྒྱལ་ཁབ་གཉིས་པོ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ནང་ཕན་ཚུན་བརྟེན་རེས་ཉིན་བཞིན་ཇེ་ཟབ་ཏུ་ཕྱིན་པ་མ་ཟད། ཕྱོགས་མང་རིམ་པའི་ཐད་ལའང་དེ་བས་རྒྱ་ཁྱབ་སྣེ་མང་གི་ཐུན་མོང་ཁེ་ཕན་དང་ཐུན་མོང་གི་དོ་ཁུར་བྱེད་ས་ཡོད། ཕྱོགས་གཉིས་པོས་འཐབ་ཇུས་འབྲེལ་བ་དེ་བས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་རིམ་པ་མང་བ་དང་ཐབས་ལམ་མང་བའི་གླེང་མོལ་ལམ་སྲོལ་ནུས་པ་འདོན་སྤེལ་ཡག་པོ་དང་། ཁ་གཏད་ཕྱོགས་ཀྱི་འཕེལ་རྒྱས་དང་འཐབ་ཇུས་བསམ་བློ་གནད་འཁེལ་ངང་ཁོང་དུ་ཆུད་པ། “ཕན་ཚུན་དབར་ནི་མཉམ་ལས་རོགས་ཟླ་དང་ཕན་ཚུན་དབར་འཇིགས་སྐུལ་མི་སྲིད་པའི”ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་ལག་བསྟར་ཧུར་ཐག་བྱས་ཏེ་དྲང་ཕྱོགས་མཉམ་འགུལ་ལ་ཤུགས་སྣོན་དང་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་དགོས། རིམ་པ་དེ་བས་མཐོ་བའི་དངོས་གཉེར་མཉམ་ལས་བྱས་ཏེ་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས། ཀྲུང་གོའི་སྒྱུར་བཅོས་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བཞིན་ཡོད་ལ། སྒོ་མོ་འབྱེད་རྒྱ་ཡང་དེ་བས་ཆེ་རུ་འགྲོ་རྒྱུ་ཡིན་པ་དེས་ཀྲུང་གོ་དང་རི་པིན་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་གོ་སྐབས་མང་པོ་མཁོ་འདོན་བྱེད་ཐུབ། ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”སྐྲུན་པ་དེས་ཀྲུང་རིའི་གཉིས་ཁེ་མཉམ་ལས་ཟབ་ཏུ་གཏོང་རྒྱུར་ལས་སྟེགས་གསར་པ་དང་ཚོད་ལྟའི་བར་མཐོངས་མཁོ་འདོན་བྱས་ཡོད། ཀྲུང་གོས་རི་པིན་ཕྱོགས་དེ་བས་དགེ་མཚན་ལྡན་པའི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་ཞུགས་ནས་རྒྱལ་ཁབ་གཉིས་དབར་ཆུ་ཚད་དེ་བས་མཐོ་བའི་གཉིས་ཁེ་གཉིས་ཕན་མངོན་འགྱུར་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། དེ་བས་རྒྱ་ཁྱབ་ངང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱས་ཏེ་ཕན་ཚན་དབར་བསམ་ཤེས་བྱ་རྒྱུ་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་ལས་རིགས་ཁག་དང་ལྷག་པར་དུ་ན་གཞོན་མི་རབས་ཀྲུང་རིའི་མཛའ་གྲོགས་བྱ་གཞག་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་བྱེད་དགོས། དེ་བས་དགེ་མཚན་ལྡན་པའི་བདེ་འཇགས་མཉམ་འགུལ་ལས་དོན་སྤེལ་ནས་དགེ་མཚན་རང་བཞིན་གྱི་ཕྱོགས་གཉིས་པོའི་བདེ་འཇགས་འབྲེལ་བ་འཛུགས་པ་དང་ཐུན་མོང་ཐོག་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་དེ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། ཁ་དན་ཚིག་གནས་ལ་མཐོང་ཆེན་བྱས་ཏེ་ཀྲུང་རིའི་ཆབ་སྲིད་ཡིག་ཆ་བཞི་དང་ཕྱོགས་གཉིས་དབར་བཞག་པའི་ཐུན་མོང་ངོས་འཛིན་གཞིར་བཟུང་ལས་དོན་སྒྲུབ་དགོས་པ་དང་འབྲེལ་དགེ་མཚན་ལྡན་པའི་སྒོ་ནས་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱས་ཏེ་ཀྲུང་རིའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་ཆབ་སྲིད་ཀྱི་རྨང་གཞིར་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཨན་པེ་ཅིན་སན་གྱིས་རི་ཀྲུང་ཞི་བདེའི་མཛའ་གྲོགས་ཆིངས་ཡིག་བཞག་ནས་ལོ་40འཁོར་བའི་དུས་ཚིགས་གལ་ཆེན་དེར་དངོས་སུ་ཀྲུང་གོར་འཚམས་འདྲི་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ཕྱོགས་གཉིས་པོས་འགྲན་རྩོད་མཐུན་སྦྱོར་དུ་འགྱུར་བའི་རི་ཀྲུང་འབྲེལ་བའི་དུས་རབས་གསར་པ་གཏོད་རྒྱུའི་རེ་བ་ཡོད། རི་ཀྲུང་ནི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པས་གཉིས་ཕན་མཉམ་ལས་དང་ཕན་ཚུན་འཇིགས་སྐུལ་མི་སྲིད་པའི་བསམ་བློར་གཞིགས་པ་དང་། རྒྱལ་ཁབ་གཉིས་དབར་གྱི་ཆབ་སྲིད་ཀྱི་ཡིག་ཆ་བཞིའི་ནང་གཏན་འཁེལ་བྱས་པའི་ཐུན་མོང་ངོས་འཛིན་གཞིར་བཟུང་ཕྱོགས་གཉིས་པོའི་འབྲེལ་བར་སྐུལ་འདེད་གཏོང་དགོས་པ་དང་འབྲེལ། རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་དང་རང་མོས་ཚོང་དོན་སྲུང་སྐྱོང་ལ་ལེགས་སྐྱེས་འབུལ་དགོས། འདི་ནི་རྒྱལ་སྤྱིའི་སྤྱི་ཚོགས་དང་ས་གནས་དེ་གའི་རྒྱལ་ཁབ་ཀྱི་ཡོངས་ཁྱབ་རེ་སྒུག་ཅིག་ཀྱང་རེད། རི་པིན་ཕྱོགས་ཀྱིས་ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་རྒྱུར་དགའ་བསུ་དང་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ། ཀྲུང་གོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་མུ་མཐུད་ཧུར་ཐག་ཞུགས་ནས་ས་ཁུལ་གྱི་བརྟན་ལྷིང་དང་གྲ་རྒྱས་ཆེད་ཐུན་མོང་ཐོག་ཧུར་ཐག་ཞུགས་རྒྱུ་ཡིན། “རྒྱུད་གཅིག་ལམ་གཅིག”ནི་གཏིང་ཤུགས་ཆེན་པོ་ལྡན་པའི་དགོངས་གཞི་ཞིག་རེད། རི་པིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་རྒྱ་ཁྱབ་ནང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་བརྗོད་པ་རེད། 

  
style="display:none;"