མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་01ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འགོ་ཚུགས་པ།

         ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ནས་བཀྲ་ཤིས་བདེ་ལེགས་ ཞུས་པ། ཀྲའོ་ལེ་ཅིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཤིས་ཚིག་གསུངས་པ།         
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འགོ་ཚུགས་ཤིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་འདུར་ཕེབས་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཀྲའོ་ལེ་ཅིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཤིས་ཚིག་གསུངས་པ་རེད།
         བརྗིད་ཉམས་ལྡན་པའི་མི་དམངས་ཚོགས་ཁང་ཆེ་མོར་རྣམ་པ་ཧ་ཅང་འཁྲུག་ཆ་དོད་ཅིང་། ཀྲུའུ་ཞི་སྡིངས་ཆའི་ཐོད་དུ“ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ”ཞེས་པའི་ཚོགས་འདུའི་འཕྲེད་ཡིག་བཀལ་ཡོད། བཀྲག་མདངས་འཚེར་བའི་ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་རྟགས་ཀྲུའུ་ཞི་སྡིངས་ཆའི་རྒྱབ་ངོས་ཀྱི་དཀྱིལ་དུ་བཀལ་ཡོད་པ་དང་གཞོགས་གཉིས་སུ་དར་དམར་5རེ་བསླངས་ཡོད། ཐོག་བརྩེགས་གཉིས་པའི་ཡང་སྟེང་ཐོག“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་དགོས། མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་ལ་མཐུན་སྒྲིལ་སྐུལ་སློང་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས”ཞེས་པའི་འཕྲེད་འགེལ་ཡི་གེ་ཆེན་པོ་བཀལ་ཡོད། ཀྲུང་གོའི་བུད་མེད་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞུགས་མཁན་རྒྱལ་ཡོངས་ལས་རིགས་ཁག་གི་བུད་མེད་འཐུས་མི་1637དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་དམིགས་བསལ་གདན་ཞུས་འཐུས་མི་79ཡིས་བུད་མེད་དུང་ཕྱུར་མང་པོའི་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ནས་ཚོགས་འདུ་གཟབ་རྒྱས་ལ་ཞུགས་པ་རེད།
         སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ལ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་ཚོགས་རར་ཕེབས་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།
        རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཧྲེན་གཡོད་གཡོད་ཀྱིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་སྐབས་ཚང་མ་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
         ཀྲའོ་ལེ་ཅིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས《དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་གནམ་ཕྱེད་ཀ་འདེགས་པའི་བརྗིད་ཆེའི་ལེའུ་རྩོམ་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་ཤིས་ཚིག་གསུངས་ཤིང་། ཁོང་གིས་དང་ཐོག་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་མ་ཟད། རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་དང་རྒྱ་ཆེའི་བུད་མེད་ལས་དོན་པ་ཚོར་བྱམས་བརྩེའི་འཚམས་འདྲི་ཞུས་པ་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་དབན་ས་ཁུལ་བཅས་ཀྱི་བུད་མེད་སྤུན་ཟླ་དང་ཕྱི་རྒྱལ་དུ་ཡོད་པའི་བུད་མེད་ཕྱིར་སྡོད་སྤུན་ཟླ་བཅས་ལ་སྨོན་འདུན་བཟང་པོ་ཞུས་པ་རེད།
         ཀྲའོ་ལེ་ཅིས་ཤིས་ཚིག་གསུང་སྐབས་ཀྲུང་གོའི་བུད་མེད་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོགས་ཚུན། རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། 
         “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་རྒྱ་ཆེའི་བུད་མེད་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་རྒྱུར་སྣེ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་ཏེ་རང་རྒྱལ་གྱི་བུད་མེད་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཏང་གིས་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་ལེགས་སྐྱེས་ཕུལ་ཡོད། རྒྱ་ཆེའི་བུད་མེད་ཚོས་བསམ་པའི་ཉམས་འགྱུར་གསར་རྐྱང་གི་ཐོག་ནས་འབད་བརྩོན་ལྷོད་མེད་དང་། བློ་བརྟན་ཞུམ་མེད། བློ་གྲོས་དཀྱེལ་ཆེ་བཅས་ཀྱི་དུས་རབས་གསར་པའི་བུད་མེད་ཀྱི་ཉམས་འགྱུར་མངོན་ཡོད་ཅེས་གསུངས་པ་རེད།
         ཀྲའོ་ལེ་ཅིས་བུད་མེད་དང་བུད་མེད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་བུད་མེད་བྱ་གཞག་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་བཏོན་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པར་བུད་མེད་ཚུད་པའི་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱིས་མཉམ་དུ་འབད་འཐབ་བྱེད་དགོས། རྒྱ་ཆེའི་བུད་མེད་ཚོས་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་བྱེད་མཁན་ཞིག་དང་། དུས་རབས་གསར་པར་བྱས་རྗེས་བཞག་ནས་རླབས་ཆེའི་བྱ་གཞག་གི་འཛུགས་སྐྲུན་པ་ཞིག ཉམས་འགྱུར་གསར་པ་མངོན་པ་བྱས་ནས་ཤེས་དཔལ་དར་སྲོལ་གྱི་སྲོལ་གཏོད་པ་ཞིག གྲུ་གཡོར་འདེགས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་ནས་ཕུགས་བསམ་དོན་གཉེར་བྱེད་ཕོད་མཁན་གྱི་འབད་འཐབ་པ་ཞིག་བཅས་བྱས་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ལི་ཡུས་ཕུའུ་ཡིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་། ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པའི་ཀྲུང་དབྱང་ཨུ་ལྷན། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས། ཀྲུང་ཧྭ་རྒྱལ་ཡོངས་ཕྱིར་ལོག་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་མཉམ་འབྲེལ་ལྷན་ཚོགས། ཀྲུང་ཧྭ་རྒྱལ་ཡོངས་སྤུན་ཟླ་ཐའེ་དབན་བའི་མཐུན་འབྲེལ་ལྷན་ཚོགས། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་ལ་ཤིས་ཚིག་གསུངས་ཤིང་། ཤིས་ཚིག་ནང་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་གཅིག་འདོམས་བྱས་ནས་རྒྱུན་ཆད་མེད་པར་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་བཏང་སྟེ། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ཆབ་སྲིད་རང་གཤིས་ནམ་ཡང་གནས་པ་བྱེད་དགོས་ཞེས་གསུངས་པ་རེད།
         ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཧོང་ཤའོ་ཝུའེ་ཡིས། ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཅིག་པའི་ལག་བསྟར་ཨུ་ལྷན་གྱི་ཚབ་ཞུས་ནས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་ལ་མཐུན་སྒྲིལ་སྐུལ་སློང་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་སྙན་སྒྲོན་གནང་བ་རེད། སྙན་སྒྲོན་གྱི་ནང་དོན་ཁག་ལྔ་ལ་ཕྱེ་ཡོད་པ་སྟེ། དུས་རབས་གསར་པར་སྐྱོད་པའི་ཀྲུང་གོའི་བུད་མེད་དང་བུད་མེད་རྩ་འཛུགས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བུད་མེད་ལས་དོན་ལ་གཅིག་འདོམས་བྱེད་པའི་ལག་ལེན་གསར་པ། དུས་རབས་གསར་པའི་ཀྲུང་གོའི་བུད་མེད་ཀྱི་འོས་འགན་དང་འགན་འཁྲི། ནུས་ཤུགས་ཡོད་རྒུས་དུས་རབས་གསར་པའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལེའུ་གསར་པ་རྩོམ་པ། དུས་རབས་གསར་པའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་སྒྱུར་བཅོས་མཐར་ཕྱིན་པ་བྱེད་དགོས་པ་བཅས་རེད།
         ཚོགས་ཆེན་ཐོག་ཡིག་ཐོག་སྙན་ཞུའི་བྱེད་ཐབས་ལ་བརྟེན་ནས《ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》འཐུས་མི་ཚོར་གྲོས་ཞིབ་བྱ་རྒྱུར་ཕུལ་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཕེབས་ཡོད་པ་རེད།
         ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་དམག་དཔུང་གི་འབྲེལ་ཡོད་ཚན་པ། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་ལྷན་ཚོགས་ཀྱི་འགན་ཁུར་མི་སྣ། མི་དམངས་ཚོགས་པ་ཁག པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན། པེ་ཅིང་དུ་ཡོད་པའི་པུའུ་རིམ་པའི་བུད་མེད་འགོ་ཁྲིད་ལས་བྱེད་པ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་རྒན་གྲས་ཁག་གཅིག རྒྱལ་སའི་ལས་རིགས་ཁག་གི་བུད་མེད་ཀྱི་འཐུས་མི་བཅས་འགོ་ཚུགས་ཚོགས་འདུར་ཞུགས་ཡོད་པ་རེད།

༄༅།།ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འགོ་ཚུགས་པ།

  
style="display:none;"