མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་དགུ་པ་གཙོ་སྐྱོང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་02ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         འགོ་ཁྲིད་ལ་ཤུགས་སྣོན་དང་། འཆར་གཞི་ཡག་པོ་འདིང་བ། འགན་འཁྲི་གསལ་པོ་བཟོ་བ། རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས་རང་རྒྱལ་གྱི་རབས་གསར་པའི་མིས་བཟོས་རིག་ནུས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ། 
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་31ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་མིས་བཟོས་རིག་ནུས་འཕེལ་རྒྱས་ཀྱི་ད་ལྟའི་གནས་བབ་དང་འཕེལ་ཕྱོགས་ལ་དམིགས་ནས་མཉམ་སྡེབ་སློབ་སྦྱོང་ཐེངས་དགུ་པ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་མིས་བཟོས་རིག་ནུས་ནི་རབས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་སྐུལ་འདེད་སྟོབས་ཤུགས་གལ་ཆེན་ཞིག་ཡིན་སྟབས་རབས་གསར་པའི་མིས་བཟོས་རིག་ནུས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་ནི་རང་རྒྱལ་འདི་ཉིད་རབས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་དམ་འཛིན་ཐུབ་མིན་དང་འབྲེལ་བ་ཡོད་པའི་འཐབ་ཇུས་གནད་དོན་ཞིག་རེད། རབས་གསར་པའི་མིས་བཟོས་རིག་ནུས་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་དོན་སྙིང་འགངས་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འཆར་གཞི་ཡག་པོ་འདིང་བ། འགན་འཁྲི་གསལ་པོ་བཟོ་བ། རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ་རང་རྒྱལ་གྱི་རབས་གསར་པའི་མིས་བཟོས་རིག་ནུས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཀའོ་ཝུན་གྱིས་གནད་དོན་དེའི་ཐད་འགྲེལ་བཤད་བརྒྱབ་པ་མ་ཟད་བསམ་འཆར་དང་གྲོས་འགོའང་བཏོན་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་ནན་ཏན་ངང་ཉན་པ་དང་སྦྲགས་འབྲེལ་ཡོད་གནད་དོན་ཐད་གྲོས་བསྡུར་བྱས་པ་རེད།
         ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་མིས་བཟོས་རིག་ནུས་ནི་རེས་སྐོར་འདིའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་ཁྲིད་སྟོན་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལག་རྩལ་ཞིག་ཡིན་པས་སྐུལ་ཁྲིད་རང་བཞིན་ཧ་ཅང་ཆེ་བའི“སྣེ་ཁྲིད་མཁན”གྱི་ཕན་ནུས་ལྡན་ཡོད། སྒུལ་བདེའི་དྲ་སྦྲེལ་དང་། གྲངས་གཞི་ཆེ་མོ། རིམ་འདས་རྩིས་རྒྱག རྒྱང་ཚོར་དྲ་བ། ཀླད་པའི་ཚན་རིག་སོགས་རིགས་པའི་གཞུང་ལུགས་གསར་པ་དང་ལག་རྩལ་གསར་པའི་སྐུལ་འདེད་འོག་མིས་བཟོས་རིག་ནུས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་སློབ་སྦྱོང་གཏིང་ཟབ་དང་། ལས་རིགས་ལས་བརྒལ་བའི་མཉམ་འདྲེས། མི་དང་འཕྲུལ་ཆས་མཉམ་ལས། མང་ཚོགས་ཀྱི་བློ་རིག་འབྱེད་པ། རང་བརྟེན་བཀོལ་སྤྱོད་སོགས་ཁྱད་ཆོས་གསར་པ་མངོན་ཏེ་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་བཀོད་པ་སོགས་ཐད་གལ་འགངས་ཆེ་ལ་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་བཞིན་ཡོད། རབས་གསར་པའི་མིས་བཟོས་རིག་ནུས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དེ་ང་ཚོར་གོ་ལ་ཧྲིལ་པོའི་ཚན་རྩལ་འགྲན་རྩོད་ཀྱི་རང་འགུལ་དབང་ཆ་ཐོབ་པའི་འཐབ་ཇུས་ཀྱི་དམ་འཛིན་བྱེད་གཞི་གལ་ཆེན་དང་རང་རྒྱལ་གྱི་ཚན་རྩལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་། ཐོན་ལས་བཟང་སྒྲིག་རིམ་སྤོར། ཐོན་སྐྱེད་ནུས་པ་སྤྱི་ཡོངས་ནས་འཕར་བ་བཅས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཐོན་ཁུངས་གལ་ཆེན་ཞིག་རེད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་མིས་བཟོས་རིག་ནུས་ལ་རིག་ཚན་མང་པོ་ཕྱོགས་བསྡུས་དང་རྙོག་འཛིང་ཧ་ཅང་ཆེ་བའི་ཁྱད་ཆོས་ལྡན་ཡོད། ང་ཚོས་ངེས་པར་དུ་ཞིབ་འཇུག་དང་བརྡར་ཤ་གཅོད་རྒྱུར་ཤུགས་སྣོན་རྒྱག་པ་དང་སྤྱི་འདོམས་འཆར་འགོད་དང་། མཉམ་ལས་གསར་གཏོད། སྐུལ་འདེད་བརྟན་པོ་གཏོང་བ་བཅས་བྱས་ཏེ་གསར་རྩོམ་ནུས་པ་ཆེ་རུ་གཏོང་རྒྱུ་དེ་གཙོ་གནད་དུ་བརྩིས་ནས་འགག་རྩའི་ལྟེ་བའི་ལག་རྩལ་གཙོ་རྒོལ་ཁ་ཕྱོགས་སུ་བྱས་ཏེ་རབས་གསར་པའི་མིས་བཟོས་རིག་ནུས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། རྨང་གཞིའི་རིགས་པའི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་ཚན་རིག་མཁས་ཅན་གྱིས་མིས་བཟོས་རིག་ནུས་ཚན་རྩལ་གྱི་ལག་རྩལ་གསར་ཤོས་ཀྱི“མི་མེད་ཁུལ”དུ་སྐྱོད་ཕོད་པ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་མིས་བཟོས་རིག་ནུས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་རིགས་པའི་གཞུང་ལུགས་དང་། བྱེད་ཐབས། ལག་ཆ། མ་ལག་སོགས་ཀྱི་ཐད་འཕོ་འགྱུར་རང་བཞིན་དང་རྩ་སློག་རང་བཞིན་གྱི་ཚད་བརྒལ་ཡོང་རྒྱུར་འབད་བརྩོན་བྱས་ནས་རང་རྒྱལ་གྱིས་མིས་བཟོས་རིག་ནུས་ཀྱི་ཁྱབ་ཁོངས་གལ་ཆེན་དེའི་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱེད་པའི་ཐད་མདུན་གྲལ་དུ་སྐྱོད་ཐུབ་པ་དང་འགག་རྩའི་ལྟེ་བའི་ལག་རྩལ་གྱི་མཐོ་ས་བཟུང་ཐུབ་པའི་འགན་ལེན་བྱེད་དགོས། འགག་རྩའི་ལྟེ་བའི་ལག་རྩལ་ལ་གཙོ་རྒོལ་བྱས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་ཏེ་མིས་བཟོས་རིག་ནུས་ཚན་རྩལ་གྱི་གསར་གཏོད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་རབས་གསར་པའི་མིས་བཟོས་རིག་ནུས་ཀྱི་འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་མ་ལག་མགྱོགས་མྱུར་བཙུགས་ཏེ་ཞན་ཆ་ཡོད་སར་བཀོད་སྒྲིག་བྱ་རྒྱུར་དམ་འཛིན་བྱས་ཐོག་མིས་བཟོས་རིག་ནུས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་ཁོང་དུ་དམ་པོར་ཆུད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།
         ཞི་ཅིན་ཕིང་གིས་རང་རྒྱལ་གྱི་དཔལ་འབྱོར་འདི་ཉིད་མགྱོགས་མྱུར་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་འགྱུར་ལྡོག་བྱུང་སྟེ་འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་། དཔལ་འབྱོར་གྲུབ་ཆ་བཟང་སྒྲིག འཕར་བའི་སྒུལ་ཤུགས་སྒྱུར་བ་བཅས་ཀྱི་འགག་སྒྲོལ་དུས་སྐབས་སུ་སླེབས་བཞིན་ཡོད་པས་རབས་གསར་པའི་མིས་བཟོས་རིག་ནུས་སོགས་གསར་གཏོད་འགངས་ཆེན་བྱས་ནས་མུ་མཐུད་ལེགས་སྐྱེས་འབུལ་རྒྱུ་དགོས་གཏུགས་ཧ་ཅང་ཆེན་པོ་ཡོད། ང་ཚོས་རབས་གསར་པའི་མིས་བཟོས་རིག་ནུས་འཕེལ་རྒྱས་ཀྱི་ཁྱད་ཆོས་ཁོང་དུ་གཏིང་ཟབ་ཆུད་དེ་མིས་བཟོས་རིག་ནུས་དང་ཐོན་ལས་འཕེལ་རྒྱས་མཉམ་འདྲེས་ལ་ཤུགས་སྣོན་བརྒྱབ་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་དགོས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་རྒྱུར་དམིགས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱ་རྒྱུ་གཙོ་རྐང་དུ་བྱེད་པ་དང་གྲངས་འཛིན་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་བཅས་མཉམ་འདྲེས་བྱེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་སྤུས་ཚད་འཕོ་འགྱུར་དང་། ལས་ཕྱོད་འཕོ་འགྱུར། སྒུལ་ཤུགས་འཕོ་འགྱུར་བཅས་ཀྱི་ཁྲོད་མིས་བཟོས་རིག་ནུས་ཀྱི་ནུས་པ་འདོན་སྤེལ་བྱས་ཐོག་གཙོ་རྒྱུ་ཀུན་འཛོམས་ཐོན་སྐྱེད་བྱེད་ཚད་གོང་མཐོར་གཏོང་དགོས། ཁྲིད་སྟོན་སྐུལ་ཁྲིད་ནུས་པ་གལ་ཆེན་ལྡན་པའི་མིས་བཟོས་རིག་ནུས་ཁེ་ལས་དང་ཐོན་ལས་སྐྱེད་སྲིང་བྱས་ཏེ་གྲངས་གཞིར་བརྟེན་ནས་སྐུལ་འདེད་གཏོང་བ་དང་། མི་དང་འཕྲུལ་ཆས་མཉམ་ལས། ལས་རིགས་ལས་བརྒལ་བའི་མཉམ་འདྲེས། མཉམ་གཏོད་མཉམ་སྤྱོད་བཅས་ཀྱི་རིག་ནུས་དཔལ་འབྱོར་རྣམ་པ་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་མིས་བཟོས་རིག་ནུས་དེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་ནས་མི་དམངས་ཆེད་མཛེས་སྡུག་ལྡན་པའི་འཚོ་བ་སྐྲུན་པའི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་མི་ཚོའི་རྒྱུན་གཏན་ལས་ཀ་དང་། སློབ་སྦྱོང་། འཚོ་བ་བཅས་ཁྲོད་མིས་བཟོས་རིག་ནུས་བཀོལ་སྤྱོད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་དེ་བས་རིག་ནུས་ཀྱི་ལས་ཀ་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་གསར་གཏོད་བྱེད་དགོས། དམངས་འཚོའི་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་འགལ་ཟླ་དང་དཀའ་གནད་ལ་དམ་འཛིན་བྱས་ཏེ་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། ལུས་རྩལ། སྡོད་ཁང་། འགྲིམ་འགྲུལ། དབང་སྐྱོན་ལ་རོགས་རམ་དང་རྒན་གསོ། ཁྱིམ་ལས་ཞབས་ཞུ་སོགས་ཁྱབ་ཁོངས་སུ་མིས་བཟོས་རིག་ནུས་བཀོལ་སྤྱོད་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རིག་ནུས་ཀྱི་ཞབས་ཞུའི་མ་ལག་གསར་གཏོད་བྱེད་དགོས། མིས་བཟོས་རིག་ནུས་དེ་སྤྱི་ཚོགས་བཅོས་སྐྱོང་དང་ཟུང་འབྲེལ་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་གཞུང་གི་ཞབས་ཞུ་དང་ཐབས་ཇུས་ཁྲོད་སྤྱོད་རྒྱུར་འཚམ་པའི་མིས་བཟོས་རིག་ནུས་མ་ལག་གསར་སྤེལ་བྱེད་པ་དང་སྲིད་དོན་ཆ་འཕྲིན་ཐོན་ཁུངས་བསྡུ་སྒྲིལ་དང་སྤྱི་པའི་དགོས་མཁོ་གནད་སྨིན་སྔོན་དཔག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་སྤྱི་པའི་བདེ་འཇགས་ཁྱབ་ཁོངས་ཁྲོད་མིས་བཟོས་རིག་ནུས་བཀོལ་སྤྱོད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་སྣོད་བཅུད་ཁྱབ་ཁོངས་ཀྱི་མིས་བཟོས་རིག་ནུས་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་མིས་བཟོས་རིག་ནུས་སྤྱད་དེ་སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན་གནང་བ་རེད། 

  
style="display:none;"