མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སར་ཝ་ཏོལ་གྱི་ཙུང་ཐུང་སང་ཆེ་སི་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་03ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཚེས་1ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་སར་ཝ་ཏོལ་གྱི་ཙུང་ཐུང་སང་ཆེ་སི་དང་གྲོས་མོལ་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་སར་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་མ་ཐག་ཡིན་པས་ཕྱོགས་གཉིས་པོའི་མཉམ་ལས་ཐད་ཁ་ཕྱོགས་གཏན་འཁེལ་དང་། རྨང་གཞི་འདིང་བ། སྒྲོམ་གཞི་འཛུགས་པ་བཅས་ཀྱི་ལས་འགན་གལ་ཆེན་ལྡན་ཡོད། ཀྲུང་གོ་གཅིག་གི་རྩ་དོན་གྱི་ཀྲུང་སར་འབྲེལ་བའི་གཞི་རྩ་བརྟན་པོ་བཙུགས་ཏེ་ཀྲུང་སར་འབྲེལ་བའི་རྨང་གཞི་དེ་བས་ཟབ་པ་དང་། དེ་བས་རྒྱ་ཁྱབ། དེ་བས་བརྟན་པོ་བཅས་འདིང་དགོས། སྐད་ཆ་ཤོད་རེས་དང་སྤེལ་རེས་གཏིང་ཟབ་བྱེད་པ་དང་ཕན་ཚུན་ཤེས་རྟོགས་དང་ཡིད་ཆེས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སར་ཝ་ཏོལ་གྱི་ཏང་ཤོག་ཁག་དང་། ཁྲིམས་འཛུགས་སྒྲིག་གཞི། ས་གནས། སྤྱི་ཚོགས་ཚོགས་པ་བཅས་དང་སྤེལ་རེས་བྱེད་པ་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ནས་ཐུན་མོང་ཐོག་ཀྲུང་སར་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་འབད་བརྩོན་བྱེད་འདོད་ཡོད། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་གཅིག་འདོམས་སུ་བྱེད་པ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་དབར་ལེགས་ཆ་གསབ་རེས་བྱ་རྒྱུ་དེ་ཕྱོགས་ཡོངས་ཀྱི་མཉམ་ལས་ལེགས་ཆར་འགྱུར་བ་བྱེད་དགོས། སར་ཝ་ཏོལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ལ་ཕྱིར་གཏོང་རྒྱ་ཆེར་གཏོང་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་བ་དང་བྱེད་ཐབས་སྤྱད་དེ་སར་ཝ་ཏོལ་གྱི་ཐོན་རྫས་ཀྲུང་གོར་གཏོང་བའི་བགྲོད་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

  
style="display:none;"