མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་03ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཚེས་1ཉིན་གྱི་སྔ་དྲོ་པེ་ཅིང་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་སྤྱི་དབང་ལམ་ལུགས་གཙོ་བོར་བྱེད་པ་དང་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་ཐུན་མོང་ཐོག་འཕེལ་རྒྱས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་གྱི་ཆ་ཤས་ཤིག་རེད་ལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་རེད། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་གནས་བབ་དང་ནུས་པར་འགྱུར་ལྡོག་བྱུང་མེད་པ་དང་། ང་ཚོས་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ལྕག་དང་། རྒྱབ་སྐྱོར། སྣེ་ཁྲིད་བཅས་བྱེད་པའི་མཛད་ཕྱོགས་སྲིད་ཇུས་ལ་འགྱུར་ལྡོག་བྱུང་མེད་ལ། ང་ཚོས་སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་གཏོད་རྒྱུ་དང་གོ་སྐབས་དེ་བས་མང་པོ་མཁོ་འདོན་བྱ་རྒྱུར་གཞོལ་བའི་མཛད་ཕྱོགས་སྲིད་ཇུས་ལ་འགྱུར་ལྡོག་བྱུང་མེད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་རྒྱུའི་རྒྱང་སྐྱོད་ལམ་བུ་གསར་པའི་ནང་རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་སྟོབས་ཆེར་གཏོང་བ་ལས་ཉམས་ཞན་དུ་མི་འགྲོ་བ་བྱས་ཏེ་དེ་བས་ཡངས་པའི་གར་སྟེགས་ཀྱི་ཕྱོགས་སུ་སྐྱོད་དགོས་ཞེས་ནན་བཤད་གནང་བ་རེད།
       བཞུགས་མོལ་ཚོཌ་འདུའི་ཐོག་ལིའུ་ཅི་རེན་དང་། ལུའུ་ཝེ་ཏིང་། ཝང་ཞའོ་ལན། སུན་ཕེའོ་དབྱང་། ལུའུ་ཡུང་། ཐང་ཞའོ་ཨོའུ། ལིའུ་ཧན་ཡོན། ཐན་ཅན་ཕུང་། ལིའུ་དབྱི། ཀོན་ཀྲེ་སོགས་ཁེ་ལས་མཁས་ཅན་གྱི་འཐུས་མི་10ཡིས་སྔ་རྗེས་སུ་གཏམ་བཤད་གནང་ནས་དུས་བབ་གསར་པའི་འོག་གི་དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐད་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད། 
        ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་རང་རྒྱལ་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཏང་གི་མཛད་ཕྱོགས་སྲིད་ཇུས་ཀྱི་ཁྲིད་སྟོན་འོག་འཕེལ་རྒྱས་བྱུང་བ་ཞིག་རེད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ང་ཚོའི་ཏང་གིས་དབང་བའི་ལམ་ལུགས་གནད་དོན་ཐད་ཀྱི་སྲོལ་རྒྱུན་འདུ་ཤེས་ཀྱི་འཆིང་རྒྱ་གཏོར་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྒོ་མོ་ཕྱེ་ཡོད། ལོ་40རིང་རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་དེ་ཉིད་རང་རྒྱལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་མེད་དུ་མི་རུང་བའི་སྟོབས་ཤུགས་དང་ལས་གཏོད་ལས་ཞུགས་ཀྱི་ཁྱབ་ཁོངས་གཙོ་བོ་ཞིག་དང་། ལག་རྩལ་གསར་གཏོད་ཀྱི་བྱེད་པོ་གལ་ཆེན། རྒྱལ་ཁབ་ཀྱི་ཁྲལ་འབབ་ཀྱི་ཡོང་ཁུངས་གལ་ཆེན་བཅས་སུ་འགྱུར་ནས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་དང་། སྲིད་གཞུང་གི་འགན་ནུས་སྒྱུར་བ། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་གཞན་སྒྱུར། རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད། དུས་ཡུན་རིང་པོའི་ནང་རྒྱ་ཆེའི་དམངས་གཉེར་ཁེ་ལས་མཁས་ཅན་ཚོས་གཞན་གྱི་སྔོན་དུ་བསྒྲུབ་ཕོད་པའི་གསར་གཏོད་ཀྱི་འདུ་ཤེས་དང་སྙིང་རུས་ལྷོད་མེད་ཀྱི་འབད་འཐབ་སྙིང་སྟོབས་ཀྱི་ཐོག་ནས་ངལ་རྩོལ་བ་ཁྲི་སྟོང་མང་པོ་སྒྲིག་འཛུགས་སྣེ་ཁྲིད་བྱས་ནས་འབད་འཐབ་ཆེར་སྐྱེད་དང་། དཀའ་སྤྱད་ལས་སྐྲུན། རྒྱུན་ཆད་མེད་པར་གསར་གཏོད་བཅས་བྱས་ཡོད། རང་རྒྱལ་དཔལ་འབྱོར་འཕེལ་རྒྱས་ཀྱིས་ཀྲུང་གོའི་ངོ་མཚར་གཏོད་པའི་ནང་དམངས་གཉེར་དཔལ་འབྱོར་གྱི་བྱས་རྗེས་ནི་སུབ་ཐབས་བྲལ་བ་ཞིག་རེད་ཅེས་གསུངས་པ་རེད། 
       ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རེའི་ཏང་གི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་བྱེད་པའི་ལྟ་བ་ནི་ཁ་གསལ་ཞིག་དང་འགྱུར་མེད་ཅིག་རེད་ལ། གཡོ་འགུལ་ཐེབས་མྱོང་མེད། རང་རྒྱལ་གྱི་སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་ནི་དུས་ཡུན་རིང་པོའི་ནང་རྒྱལ་ཁབ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་ཆགས་པ་ཞིག་རེད་ལ། རྒྱུ་ནོར་ཕོན་ཆེན་ཡང་བསགས་ཡོད། དེ་ནི་མི་དམངས་ཡོངས་ཀྱི་ཐུན་མོང་གི་རྒྱུ་ནོར་ཡིན་པས་ངེས་པར་དུ་དོ་དམ་ཡག་པོ་བྱེད་པ་དང་། བེད་སྤྱོད་ཡག་པོ་གཏོང་བ། འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱེད་དགོས། ང་ཚོས་སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་བརྟན་དུ་དང་འཕེལ་རྒྱས་ཡག་པོ་གཏོང་དགོས་ཞེས་ནན་བཤད་བྱེད་པ་དེ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་པ་དང་ཐ་དད་མིན་པར་གཅིག་གྱུར་ནུས་ལྡན་ཞིག་རེད། སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ནི་གཅིག་རམ་གཅིག་འདེགས་དང་གཅིག་ཕན་གཅིག་གྲོགས་ཡིན་པ་ལས། ཕན་ཚུན་ཟུར་འབུད་དང་ཕན་ཚུན་ཁ་འཐབ་གཏོང་བ་ཞིག་མིན། རང་རྒྱལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྩ་ཁྲིམས་དང་ཏང་གི་སྒྲིག་ཡིག་ནང་བཀོད་པ་དེར་འགྱུར་ལྡོག་འགྲོ་མི་སྲིད་ལ་འགྱུར་ལྡོག་གཏོང་ཡང་མི་སྲིད། རང་རྒྱལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ཁས་མི་ལེན་པ་དང་། དོགས་པ་བྱེད་པ། གཡོ་འགུལ་གཏོང་བ་བཅས་ཀྱི་གཏམ་སྤྱོད་གང་རུང་ནི་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དང་མི་མཐུན་པ་ཞིག་རེད། དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་མཁས་ཅན་ཚང་མ་རྦད་དེ་སེམས་རྣལ་དུ་ཕབ་ཆོག་པ་དང་སེམས་རྣལ་དུ་ཕབ་ནས་འཕེལ་རྒྱས་དོན་གཉེར་བྱེད་ཆོག 
        ཞི་ཅིན་ཕིང་གིས་བསྟན་དོན། དམངས་གཉེར་དཔལ་འབྱོར་ནི་རང་རྒྱལ་དཔལ་འབྱོར་ལམ་ལུགས་ཀྱི་ནང་གནས་ཀྱི་གཞི་རྒྱུ་ཞིག་ཡིན་པ་དང་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་མཁས་ཅན་ནི་ང་ཚོ་ནང་ཁུལ་གྱི་མི་རེད། དམངས་གཉེར་དཔལ་འབྱོར་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་གལ་ཆེན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་རྒྱུར་སྐུལ་འདེད་གཏོང་བའི་བྱེད་པོ་གལ་ཆེན་བཅས་རེད་ལ། རང་རེའི་ཏང་གིས་ཡུན་རིང་སྲིད་སྐྱོང་དང་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་རེད། 
       ཞི་ཅིན་ཕིང་གིས་བསྟན་དོན། རང་རྒྱལ་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་རྒྱུན་ཆད་མེད་པར་དམངས་གཉེར་དཔལ་འབྱོར་ལ་དེ་བས་ལེགས་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་གཏོད་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་ཐག་གཅོད་བྱེད་རོགས་བྱས་ཏེ་གནོན་ཤུགས་དེ་སྒུལ་ཤུགས་སུ་འགྱུར་བ་བྱས་ནས་དམངས་གཉེར་དཔལ་འབྱོར་གྱི་གསར་གཏོད་རྣམ་པ་འཕེལ་ཐུབ་པ་དང་དམངས་གཉེར་དཔལ་འབྱོར་གསར་གཏོད་ཀྱི་གསོན་ཤུགས་གང་ལེགས་འདོན་སྤེལ་ཐུབ་པ་བྱེད་དགོས། མིག་སྔར་ཕྱོགས་དྲུག་ཐད་ཀྱི་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། གཅིག་ནི་ཁེ་ལས་ཀྱི་ཁྲལ་གྲོན་ཁུར་པོ་ཡང་དུ་གཏོང་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་བརྟེན་ནས་མ་གནས་གཅོག་པའི་བྱ་སྤྱོད་ཀྱི་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ཏེ། གནས་ཐང་འཕར་ཁྲལ་སོགས་ངོ་བོའི་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། ཕྲན་ཚེགས་ཁེ་ལས་དང་ཚན་རྩལ་རྣམ་པའི་གསར་གཏོད་ཐོག་མའི་ཁེ་ལས་ལ་ཀུན་ཕན་རང་བཞིན་གྱི་ཁྲལ་བསྡུ་རྩ་ཆག་ལག་བསྟར་བྱེད་པ་དང་། དོན་དངོས་ལ་གཞིགས་ནས་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་འཇལ་སྤྲོད་ཀྱི་མིང་ཐོག་གྲོན་ཚད་ཉུང་དུ་གཏོང་བ་དང་། སྲིད་འཛིན་ཞིབ་མཆན་གྱི་བྱ་བ་དང་ཁེ་ལས་དང་འབྲེལ་བའི་གྲོན་བསྡུ་གཙང་སེལ་དང་ཁུ་བསྡུ་བྱེད་དགོས་པ། གཉིས་ནི་དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་མཐོ་བའི་གནད་དོན་ཐག་གཅོད་བྱེད་དགོས། དངུལ་རྩའི་སྒྲིག་གཞིའི་ལྟ་སྡོམ་དཔྱད་ཞིབ་དང་ནང་ངོས་ཀྱི་ལྕག་འདེབས་ལམ་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་དངུལ་རྩའི་ཁྲོམ་རའི་འཇུག་འཐུས་རྒྱ་ཆེར་གཏོང་བ། དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ཐབས་ལམ་ཇེ་ཡངས་སུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་གྲུབ་ཆ་བཟང་སྒྲིག་རིམ་སྤོར་གྱི་ཁ་ཕྱོགས་དང་མཐུན་པ་དང་མདུན་ལམ་ལྡན་པའི་དམངས་གཉེར་ཁེ་ལས་ལ་དགོས་ངེས་ཀྱི་ནོར་དོན་རོགས་སྐྱོར་བྱེད་པ་དང་ཞིང་ཆེན་རིམ་པའི་སྲིད་གཞུང་དང་འཆར་གཞི་ལོགས་བཀོད་གྲོང་ཁྱེར་གྱིས་མ་དངུལ་རང་གྲབས་བྱས་ནས་སྲིད་ཇུས་རང་བཞིན་གྱི་རོགས་སྐྱོབ་ཐེབས་རྩ་བཙུགས་ཏེ་སྲིད་གཞུང་སྡེ་ཚན་དང་ཁེ་ལས་ཆེ་གྲས་ལ་ལས་ལེགས་ཆའི་གནས་བབ་སྤྱད་དེ་ཆེ་བས་ཆུང་བར་བརྙས་བཅོས་བྱེད་པ་དང་དམངས་གཉེར་ཁེ་ལས་ཀྱི་མ་དངུལ་ནར་འགྱངས་བྱེད་པ་སོགས་ཀྱི་བྱ་སྤྱོད་ཡོ་བསྲང་བྱེད་དགོས།ཛ
        གསུམ་ནི་འདྲ་མཉམ་གྱི་འགྲན་རྩོད་ཁོར་ཡུག་གཏོད་དགོས། རིགས་ཁག་གི“སྒྲིལ་སྒོ”དང“ཤེལ་གྱི་སྒོ” “འཁྱིལ་སྒོ”བཅས་གཏོར་ནས་ཁྲོམ་རར་འཇུག་འཐུས་དང་། ཞིབ་མཆན་ཆོག་འཐུས། གཉེར་སྐྱོང་འཁོར་རྒྱུག འོས་སྐུལ་འོས་དཔོད། དམག་དམངས་མཉམ་འདྲེས་སོགས་ཀྱི་ཐད་ནས་དམངས་གཉེར་ཁེ་ལས་ལ་འདྲ་མཉམ་གྱི་འགྲན་རྩོད་ཁོར་ཡུག་གཏོད་དགོས། དམངས་གཉེར་ཁེ་ལས་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་ལ་ཞུགས་རྒྱུར་སྐུལ་ལྕག་བྱེད་དགོས། བཞི་ནི་སྲིད་ཇུས་ལག་བསྟར་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས། སྲིད་ཇུས་ཀྱི་མཐུན་སྦྱོར་རང་བཞིན་ལ་ཤུགས་སྣོན་བརྒྱབ་ནས་འབྲེལ་ཡོད་ཀྱི་ལེ་ལག་བྱེད་ཐབས་བཟོས་ཏེ་སྲིད་ཇུས་ཁག་གནད་སྨིན་དང་ཞིབ་ཚགས་ཏན་ཏིག་བཅས་ཀྱི་སྒོ་ནས་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་སྲིད་ཇུས་ཀྱི་ནང་ནས་དམངས་གཉེར་ཁེ་ལས་ཀྱི་ཚོར་སེམས་ཆེ་རུ་གཏོང་དགོས། ཐོན་ནུས་དོར་བ་དང་འགྱོགས་མདའ་དོར་ནས་རིགས་ཁག་གི་དབང་བའི་ལམ་ལུགས་ཀྱི་ཁེ་ལས་ལ་ཚད་གཞི་གཅིག་མཚུངས་ལག་ལེན་བསྟར་དགོས། བདེ་འཇགས་ལྟ་སྐུལ་དང་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ལ་ཁྲིམས་ལག་ལེན་བསྟར་བའི་བརྒྱུད་རིམ་ནང་སྟབས་བདེ་ཅན་དང“བྲེ་ཁ་གཅིག་ཆོད་མི་ཡོང་བ”བྱེད་དགོས། ལྔ་ནི་སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་གསར་པ་འཛུགས་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་གསར་པ་འཛུགས་པའི་བླང་བྱ་དོན་འཁྱོལ་བྱས་ནས་དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དུས་ཚོད་དང་སེམས་ནུས་མང་ཙམ་བཏོན་ནས་དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་དམངས་གཉེར་ཁེ་ལས་མཁས་ཅན་འཚར་ལོངས་ཡོང་རྒྱུར་ཐུགས་ཁུར་བྱེད་པ་དང་། རྟག་ཏུ་དམངས་གཉེར་ཁེ་ལས་ཀྱི་བསམ་འཆར་དང་རེ་ཞུ་ཉན་པ། ལྷག་པར་དུ་དམངས་གཉེར་ཁེ་ལས་ལ་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་དེ་བས་མཐོང་ཆེན་གྱིས་སྔོན་ལ་ཞབས་འདེགས་ཞུས་ནས་དཀའ་ངལ་དངོས་སེལ་རོགས་བྱེད་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་དོན་གལ་ཆེན་གྱི་མཛད་ཕྱོགས་དྲིལ་བསྒྲགས་ཡང་དག་བྱས་ནས་ནོར་འཁྲུལ་གྱི་ཤོད་སྲོལ་ཁ་ཤས་དུས་ཐོག་ཏུ་ཡོ་བསྲང་བྱེད་དགོས། དྲུག་ནི་ཁེ་ལས་མཁས་ཅན་གྱི་མི་ལུས་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རང་འགན་གཙང་སྒྲུབ་བྱེད་སྐབས་གནད་དོན་རྩད་ཆོད་མཐའ་གསལ་བྱེད་དགོས་ལ། ཁྲིམས་མཐུན་གྱི་མི་ལུས་དང་རྒྱུ་ནོར་ཁེ་དབང་འགན་ལེན་དང་ཁེ་ལས་ཀྱི་ཁྲིམས་མཐུན་གཉེར་སྐྱོང་འགན་ལེན་བྱས་ནས་ཁེ་ལས་མཁས་ཅན་གྱི་བསམ་བློའི་ཁུར་པོ་ཡང་དུ་བཏང་ནས་བློ་བདེ་བག་ཕེབས་ངང་མདུན་སྐྱོད་ཐུབ་པར་བྱེད་དགོས། 
         ཞི་ཅིན་ཕིང་གིས་རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣ་ཚོས་རང་ཉིད་ཀྱི་སློབ་སྦྱོང་དང་། རང་གིས་རང་ལ་སློབ་གསོ་གཏོང་བ། རང་གིས་རང་ཡར་རྒྱས་གཏོང་བ་བཅས་བྱས་ཏེ། རང་ཉིད་ཀྱི་སྤྱི་ཚོགས་ཀྱི་གཟུགས་བརྙན་ལ་མཐོང་ཆེན་བྱས་ནས་རྒྱལ་གཅེས་ལས་བཀུར་དང་། ཁྲིམས་སྲུང་གཉེར་སྐྱོང་། ལས་གཏོད་གསར་གཏོད། སྤྱི་ཚོགས་ལ་དྲིན་གཟོ་བཅས་ཀྱི་མིག་དཔེ་ཞིག་བྱེད་དགོས་པ་དང་། དམངས་གཉེར་ཁེ་ལས་མཁས་ཅན་གྱིས་སྤྱོད་བཟང་གཞུང་དྲང་ལ་སྣང་ཆེན་གྱིས་ཡང་དག་པའི་ལམ་བུར་བསྐྱོད་དེ་བློ་རྩེ་གཅིག་སྒྲིམ་གྱིས་ཁེ་ལས་གཉེར་བ་དང་སྒྲིག་འཁུར་ཁྲིམས་སྲུང་གིས་གཉེར་སྐྱོང་བྱས་ཏེ་ཁྲིམས་མཐུན་ལུགས་མཐུན་གྱི་སྒོ་ནས་ཁེ་ལས་ཀྱི་འགྲན་རྩོད་འཇོན་ཐང་ཆེ་རུ་གཏོང་དགོས་པ། ཁེ་ལས་ནང་ངོས་ཀྱི་ནུས་པ་འཕེལ་བར་བྱེད་པ་དང་ལྷག་པར་དུ་གཉེར་སྐྱོང་གི་འཇོན་ཐང་དང་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་ཁྲིམས་མིའི་བཅོས་སྒྲིག་གི་གྲུབ་ཆ་འཐུས་སྒོ་ཚང་དུ་བཏང་ནས་ཆ་རྐྱེན་འཛོམས་པའི་དམངས་གཉེར་ཁེ་ལས་ཀྱིས་དེང་རབས་ཁེ་ལས་ཀྱི་ལམ་ལུགས་འཛུགས་རྒྱུར་སྐུལ་ལྕག་བྱེད་དགོས་པ། མི་རབས་གསར་པའི་དམངས་གཉེར་ཁེ་ལས་མཁས་ཅན་གྱིས་མི་རབས་རྒན་གྲས་ཀྱི་དཀའ་སྤྱད་འབད་འཐབ་བྱེད་ཕོད་པ་དང་སྒྲུབ་ཕོད་པ། ཁེ་ལས་ལ་དམ་པོར་དམིགས་པ། རང་འཁྲིའི་ལས་དོན་ཧུར་ཐག་སྒྲུབ་པ་བཅས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཁེ་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་དགོས་པ། རྒྱལ་སྤྱིའི་མིག་རྒྱང་རིང་དུ་བཏང་ནས་གསར་གཏོད་ཀྱི་འཇོན་ཐང་དང་ལྟེ་བའི་འགྲན་ཤུགས་ཆེ་རུ་བཏང་སྟེ་གོ་ལ་ཧྲིལ་པོའི་འགྲན་ཤུགས་ལྡན་པའི་འཛམ་གླིང་གི་ཁེ་ལས་རྩེ་གྲ་དེ་བས་མང་པོ་གཏོད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། 

  
style="display:none;"