མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཐང་ཀ་རྒྱལ་ཁབ་ཀྱི་རྒྱལ་པོ་ཁྲི་ཐོག་དྲུག་པ་ཐུའུ་ཕུའུ་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་04ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        ཀྲུང་གོ་དང་ཐང་ཀའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུས་པ།         
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐང་ཀ་རྒྱལ་ཁབ་ཀྱི་རྒྱལ་པོ་ཁྲི་ཐོག་དྲུག་པ་ཐུའུ་ཕུའུ་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་སྟེ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་20འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་རེད།
        ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་ནང་། ཀྲུང་གོ་དང་ཐང་ཀ་དབར་ཕྱི་འབྲེལ་བཙུགས་ནས་ལོ་20རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏིང་ཟབ་ཕྱིན་ནས་དངོས་སྒྲུབ་མཉམ་ལས་དང་མི་ཆོས་སྤེལ་རེས་ཉིན་རེ་བཞིན་ཆེ་རུ་སོང་ཡོད། འདི་ལོའི་ཟླ་3པར་ཁྱེད་ཀྲུང་གོར་ཕེབས་ནས་རྒྱལ་དོན་འཚམས་འདྲི་གནང་བ་དང་། ང་ཚོས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཡངས་པོའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ཐུན་མོང་ངོས་འཛིན་གལ་ཆེན་ཆགས་ནས་ཀྲུང་ཐང་གི་འབྲེལ་བ་འཕེལ་རྒྱས་ཡོང་ཆེད་ཁ་ཕྱོགས་གསལ་པོ་བསྟན་ཡོད། ངས་ཀྲུང་ཐང་གི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད་ལ། ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་20འཁོར་བ་དེ་འགོ་འཛུགས་ས་གསར་པར་བྱས་ཏེ་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་ཐང་གི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་དེ་བས་མང་བ་དང་དེ་བས་ཡག་པ་ཐོབ་པ་བྱེད་འདོད་ཡོད་ཅེས་འཁོད་ཡོད་པ་རེད།
         རྒྱལ་པོ་ཁྲི་ཐོག་དྲུག་པ་ཐུའུ་ཕུའུ་ཡི་རྟེན་འབྲེལ་གློག་འཕྲིན་ནང་། ཐང་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་20འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དབར་འགྲོ་འོང་དམ་ཟབ་བྱུང་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་སོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་ཕན་ཚུན་བསམ་ཤེས་དང་མཛའ་མཐུན་ཉིན་རེ་བཞིན་ཆེ་རུ་ཕྱིན་ཡོད། ངས་སྙིང་ཐག་པ་ནས་ཀྲུང་གོ་དར་རྒྱས་གོང་འཕེལ་དང་མི་དམངས་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

  
style="display:none;"