མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ལི་མའེ་ཏེ་ཝུའེ་ཅེ་ཧྥུའུ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་07ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

              ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་ཨུ་རུ་སུའི་ཙུང་ལི་མའེ་ཏེ་ཝུའེ་ཅེ་ཧྥུའུ་དང་མཇལ་འཛོམས་གནང་བ་རེད།
            ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་ཨུ་གཉིས་ཀ་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་གཏོང་བའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས་སྔར་འཕྲད་མ་མྱོང་བའི་རྙོག་འཛིང་གི་རྒྱལ་སྤྱིའི་ཁོར་ཡུག་གི་མདུན་དུ་ཀྲུང་ཨུའི་འབྲེལ་བ་ཆུ་ཚད་མཐོ་པོས་འཁོར་རྒྱུག་རྒྱུན་འཁྱོངས་དང་ཀྲུང་ཨུའི་འཐབ་ཇུས་མཉམ་ལས་སྲ་བརྟན་དུ་གཏོང་བའི་གལ་ཆེའི་རང་བཞིན་སྔར་བས་མངོན་གསལ་དོད་པོ་ཡོད། ང་དང་ཙུང་ཐུང་ཕུའུ་ཅིང་དབར་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་ཐད་བྱུང་བའི་ཐུན་མོང་གི་ངོས་འཛིན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་ནི་ཕྱོགས་གཉིས་པོའི་དུས་མཚམས་རྗེས་མའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེ་རེད། ཕྱོགས་གཉིས་པོས་ནུས་རྒྱུ་དང་། ཞིང་ལས། དངུལ་རྩ། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་བཏང་སྟེ་ས་གནས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་རྒྱ་ཆེར་བཏང་ནས་འདི་ལོ་དང་དུས་སང་གི་ཀྲུང་ཨུའི་ས་གནས་མཉམ་ལས་སྤེལ་རེས་ལོ་ཡག་པོ་གཉེར་དགོས་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཡིན་པའི་ཨུ་རུ་སུ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོར་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན། སྐུ་ཞབས་ཙུང་ལི་སྐུ་ངོ་མས་གཞི་ཁྱོན་ཆེ་བའི་ཨུ་རུ་སུའི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཕེབས་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ནང་འདྲེན་དངོས་མང་སྟོན་ཚོགས་བརྒྱུད་ཨུ་རུ་སུ་ཕྱོགས་ཀྱི་ཁྱད་ལྡན་ཐོན་རྫས་སྤུས་ལེགས་འགྲེམས་སྟོན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།
           ཞི་ཅིན་ཕིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བརྟན་པོར་བསྐྱོད་ནས་རྒྱལ་སྤྱིའི་འདྲ་མཉམ་དང་དྲང་བདེན་སྲུང་སྐྱོང་ལ་གཞོལ་བ་དེ་ཐོག་ནས་རྒྱལ་ཁབ་ཆེན་པོའི་ཚུགས་ནུས་དང་འགན་འཁུར་ཐུབ་པའི་ཉམས་འགྱུར་མངོན་ཡོད། དུས་བབ་གསར་པའི་འོག ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་ཀྱི་མཐོ་རིམ་དང་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ་འཐབ་ཇུས་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
           མའེ་ཏེ་ཝུའེ་ཅེ་ཧྥུའུ་ཡིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོར་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ལ་བརྩིས་ནས་གདན་དྲངས་པར་ཐུགས་རྗེ་ཆེ་ཞུ། དེ་ཐོག་ནས་ཀྲུང་གོ་ཕྱོགས་ཀྱིས་ཨུ་ཀྲུང་གི་དཔལ་འབྱོར་ཚོང་དོན་འབྲེལ་བ་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་མཚོན་ཡོད། སླད་ཕྱིན་ཨུ་རུ་སུ་ཕྱོགས་ཀྱིས་ལོ་ལྟར་ཧུར་ཐག་ཞུགས་རྒྱུ་ཡིན། ད་ལྟ་ཨུ་ཀྲུང་འབྲེལ་བ་སྔར་ན་མེད་པའི་ཆུ་ཚད་མཐོ་པོས་མུ་མཐུད་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་གྱིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་མཉམ་ལས་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་སྒྲིག་སྲོལ་ལ་སྲུང་བརྩི་ཞུ་བ་བཅས་བྱས་ཏེ་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་འདོད་ཡོད། ཕྱོགས་གཉིས་པོས་དུས་སང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་རྟེན་འབྲེལ་གོ་སྐབས་སུ་བཟུང་སྟེ་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་ཨུ་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

  
style="display:none;"