མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཅེ་ཁེའི་ཙུང་ཐུང་ཙེ་མན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་07ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

          ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་ཅེ་ཁེའི་ཙུང་ཐུང་ཙེ་མན་དང་མཇལ་འཛོམས་གནང་བ་རེད།
           ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཅེ་ཁེའི་དབར་སྲོལ་རྒྱུན་གྱི་མཛའ་མཐུན་འབྲེལ་བ་ཟབ་ལ། ཕྱོགས་གཉིས་པོའི་འབྲེལ་བར་དམངས་འདོད་ཀྱི་རྒྱབ་སྐྱོར་ཆེན་པོ་དང་ཐུན་མོང་ཁེ་ཕན་གྱི་གཞི་རྟེན་རྒྱ་ཆེན་པོ་ལྡན་ཡོད། 2016ལོའི་ཟླ་3པར་ངས་ཅེ་ཁེར་རྒྱལ་དོན་འཚམས་འདྲི་བྱས་ཏེ་ཙུང་ཐུང་མཆོག་དང་མཉམ་དུ་ཀྲུང་གོ་དང་ཅེ་ཁེའི་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པའི་མཉམ་འབྲེལ་གསལ་བསྒྲགས་ལ་མིང་རྟགས་བཀོད་ནས་ཕྱོགས་གཉིས་པོའི་འབྲེལ་བར་ལེའུ་གསར་པ་ཞིག་བརྩམས་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་རྒྱུན་མཐུད་སྣེ་ཁྲིད་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་བར་བརྟེན། ཀྲུང་གོ་དང་ཅེ་ཁེའི་འབྲེལ་བར་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་ཐོན་ལ་མདུན་ལམ་ཡང་རྒྱ་ཆེན་པོ་ལྡན་ཡོད་ཅེས་གསུངས།
          ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་དང་ཐོག་ཕན་ཚུན་ཡིད་ཆེས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་སྲུང་སྐྱོང་ཡག་པོ་བྱེད་དགོས། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་མཉམ་ལས་ཀྱི་ཁྱབ་ཁོངས་དང་ཁ་ཕྱོགས་གལ་ཆེན་འཆར་འགོད་བྱས་ཟིན་པར་བརྟེན་བཀྲག་མདངས་འཚེར་ས་གསར་པ་དང་རྣམ་གྲངས་ཆེན་པོ་སྔར་ལས་མང་བ་བཏོད་དེ་འགྲིམ་འགྲུལ་དང་། ནུས་རྒྱུ། དྲ་ཐོག་ཚོང་དོན། མི་ཐབས་ཀྱི་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་མང་བ་བྱེད་དགོས་ལ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ལའང་སྤེལ་རེས་མང་ཙམ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཅེ་ཁེས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་གསར་པ་རྒྱུན་ཆད་མེད་པར་འབུལ་རྒྱུའི་རེ་སྒུག་བྱེད་ལ། ཅེ་ཁེ་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་སྒྲོམ་གཞིའི་མཉམ་ལས་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་སྲུང་སྐྱོང་དང་འཕེལ་རྒྱས་ཡོང་བའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
          ཙེ་མན་གྱིས་ཀྲུང་གོར་ཡོང་ནས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཞུགས་རྒྱུ་བྱུང་བ་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་དང་རྟག་ཏུ་ཞལ་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཅེ་ཁེ་དང་ཀྲུང་གོའི་དབར་གྱི་མཛའ་མཐུན་ཟབ་ལ་དཔལ་འབྱོར་ཉོ་ཚོང་གྱི་འབྲེལ་བ་དམ་ཟབ་ཡོད། ཅེ་ཁེས་ཀྲུང་གོའི་ཁེ་ལས་ཅེ་ཁེར་མ་འཇོག་དང་བྱ་གཞག་གཏོད་པར་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དབར་ཕན་ཚུན་སྐད་ཆ་ཤོད་རེས་དང་མཐུན་སྦྱོར་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་འདོད་ཡོད། ཅེ་ཁེ་ཕྱོགས་ཀྱིས་ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"