མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོའི་འགོ་ཚུགས་
མཛད་སྒོར་ཕེབས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་07ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོའི་འགོ་ཚུགས་
མཛད་སྒོར་ཕེབས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ།

      ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་ཧྲང་ཧའེ་རུ་འགོ་ཚུགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ《གསར་གཏོད་བསྟུན་མཁས་ཀྱི་སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་ཐུན་མོང་ཐོག་གཏོད》ཅེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་ཞིང་། ཁོང་གིས་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས། སྒོ་དབྱེ་མཉམ་ལས་ནི་རྒྱལ་སྤྱིའི་ཚོང་དོན་གྱི་གསོན་ཤུགས་འཕེལ་བར་བྱེད་པའི་སྒུལ་ཤུགས་གལ་ཆེན་ཞིག་དང་། དེང་སྐབས་ལ་གཞི་ཚུགས་སྐབས། སྒོ་དབྱེ་མཉམ་ལས་ནི་འཛམ་གླིང་གི་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་བླང་བྱ་ཞིག འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། སྒོ་དབྱེ་མཉམ་ལས་ནི་མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་ཆད་མེད་པར་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་བླང་བྱ་ཞིག་བཅས་རེད། རྒྱལ་ཁབ་ཁག་གིས་སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཐུན་མོང་ཐོག་གོང་འཕེལ་ཡོང་བར་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་མིའི་རིགས་ཀྱི་འབྱུང་འགྱུར་གཏོད་དགོས། ཀྲུང་གོས་སྤུས་ཚད་དེ་བས་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བའི་གོམ་སྟབས་སྤོ་མཚམས་འཇོག་མི་སྲིད་པ་དང་། སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་གཏོད་པའི་གོམ་སྟབས་སྤོ་མཚམས་འཇོག་མི་སྲིད་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་གོམ་སྟབས་དེ་བས་ཀྱང་སྤོ་མཚམས་འཇོག་མི་སྲིད་ཅེས་ནན་བཤད་གནང་བ་རེད།
      སྟོན་ཟླ་11པའི་ཟླ་འགོའི་ཧྲང་ཧའེ་རུ་བསིལ་རླུང་དལ་བུར་ལྡང་བས་གང་སར་སྟོན་གྱི་ཉམས་སྣང་ཞིག་མངོན། ཧྲང་ཧའེ་རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས་ཀྱི་འགོ་ཚུགས་ཚོགས་ར་གཙོ་བོའི་ནང་རྒྱལ་ཁབ་ཁག་གི་སྐུ་མགྲོན་ལྷན་དུ་འཛོམས་ཡོད། སྔ་དྲོའི་ཆུ་ཚོད་9དང་སྐར་མ་45ཙམ་ལ།
      ཞི་ཅིན་ཕིང་ཅེ་ཁེའི་ཙུང་ཐུང་ཙེ་མན་དང་། ཏོ་སྨི་ནི་ཁའི་ཙུང་ཐུང་མེ་ཏི་ན། སར་ཝ་ཏོལ་གྱི་ཙུང་ཐུང་སང་ཆེ་སི། ཁེན་ནི་ཡའི་ཙུང་ཐུང་ཁེན་ཡ་ཐ། ལི་ཐུ་ཝན་གྱི་ཙུང་ཐུང་ཀེ་ལི་པའོ་སི་ཁེ་ཐེ། ཁ་རེ་ཤེ་ཡའི་ཙུང་ལི་ཕུའུ་ལན་ཁོ་ཝུའེ་ཆི་སོགས་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་དང་ལྷན་དུ་ཚོགས་རར་ཕེབས་པ་རེད།
       སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་ཞིང་། ཁོང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ནི་ད་བར་འཛམ་གླིང་ཐོག་ནང་འདྲེན་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཁབ་རིམ་པའི་དངོས་མང་སྟོན་ཚོགས་ཐེངས་དང་པོ་དེ་ཡིན་པ་དང་། འདི་ནི་རྒྱལ་སྤྱིའི་ཚོང་དོན་འཕེལ་རྒྱས་ལོ་རྒྱས་ཐོག་གི་གསར་གཏོད་ཆེན་པོ་ཞིག་རེད། དེ་ཐོག་ནས་ཕྱོགས་མང་ཚོང་དོན་སྒྲིག་གཞིར་རྒྱབ་སྐྱོར་བྱེད་པ་དང་། རང་མོས་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྔར་ནས་ད་བར་གྱི་ཀྲུང་གོའི་ལངས་ཕྱོགས་མཚོན་གྱི་ཡོད་ལ། ཀྲུང་གོས་སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་གཏོད་རྒྱུར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་དངོས་ཤིག་ཡིན་ཞེས་མཛུབ་སྟོན་གནང་བ་རེད།
      ཞི་ཅིན་ཕིང་གིས་དེང་གི་འཛམ་གླིང་གིས་རེས་སྐོར་གསར་པའི་འཕེལ་རྒྱས་ཆེན་པོ་དང་། གསར་སྒྱུར་ཆེན་པོ། ལེགས་སྒྲིག་ཆེན་པོ་བཅས་བརྒྱུད་བཞིན་ཡོད། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ནི་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཞིག་རེད། འཛམ་གླིང་གི་དཔལ་འབྱོར་རྣམ་པར་འགྱུར་ལྡོག་གཏིང་ཟབ་འགྲོ་བར་ཕྱོགས་ནས་རྒྱལ་ཁབ་ཁག་གིས་དེ་བས་ཆེ་བའི་བློ་སྟོབས་འདོན་པ་དང་། སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་དགོས།
       —— རྒྱལ་ཁབ་ཁག་གིས་སྒོ་དབྱེ་མཉམ་འདྲེས་མཐའ་འཁྱོངས་བྱས་ནས་གཉིས་ཕན་མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་དགོས། རྒྱལ་ཁབ་ཁག་གིས་སྒོ་དབྱེའི་སྲིད་ཇུས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་ཐུན་མོང་ཐོག་གཏོད་དགོས་པ་དང་། སྤྱི་ཁོག་དཔལ་འབྱོར་གྱི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་མཉམ་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏོང་དགོས། གཞུང་དྲང་དང་། ལུགས་མཐུན། ཁ་གསལ་བཅས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་མ་ལག་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྔར་བས་སྒོ་དབྱེ་དང་། སྤེལ་རེས། མཉམ་འདྲེས་བཅས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།
      —— རྒྱལ་ཁབ་ཁག་གིས་གསར་གཏོད་ཀྱི་སྣེ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་བྱེད་མགྱོགས་སུ་གཏོང་དགོས། རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། འཕར་གཞི་གསར་པ་སྐྱེད་སྲིང་བྱས་ནས་གསར་གཏོད་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་སྒྱུར་ལས་བྱུང་བའི་གོ་སྐབས་སྟངས་འཛིན་གྱིས་ལག་རྩལ་གསར་པ་དང་། ཐོན་ལས་གསར་པ། ལས་རྣམ་གསར་པ། བྱ་ཐབས་གསར་པ་བཅས་ཐུན་མོང་ཐོག་གཏོད་དགོས་པ།
       —— རྒྱལ་ཁབ་ཁག་གིས་བསྟུན་མཁས་ཀུན་ཕན་མཐའ་འཁྱོངས་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཁག་གིས་སྒོ་དབྱེ་ལས་བཀག་སྡོམ་མི་བྱེད་པ་་དང་། མཉམ་ལས་ལས་ཁ་གཏད་དུ་མི་ལངས་པ། གཉིས་ཁེ་ཡོང་བ་ལས་སྒེར་འཛིན་མི་བྱེད་པ་བཅས་མཐའ་འཁྱོངས་བྱེད་དགོས། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དོ་མི་སྙོམས་པ་ཉུང་དུ་གཏོང་བ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དེ་བས་སྒོ་དབྱེ་དང་། བསྟུན་མཁས། ཀུན་ཕན། དོ་སྙོམས། གཉིས་ཁེ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཁག་གི་མི་དམངས་ཚོས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་འཛམ་གླིང་གི་དཔལ་འབྱོར་འཕར་བའི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་ཚུན། ཀྲུང་གོ་མི་དམངས་ཀྱིས་རང་སྟོབས་རང་སྤེལ་དང་། འབད་འབུངས་ཡར་བརྩོན། ཞུམ་མེད་མདུན་སྐྱོད་བཅས་བྱས་ནས་ལས་ལ་བརྩོན་པའི་རང་གི་ལག་གཉིས་ལ་བརྟེན་ནས་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་ཀྱི་བརྗིད་ཆགས་ཡིད་འོང་གི་ལོ་རྒྱུས་སྙན་ངག་བརྩམས་ཡོད། ཀྲུང་གོས་རྒྱལ་ཁབ་ཀྱི་སྒོ་མོ་ཕྱེ་ནས་འཛུགས་སྐྲུན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཡོད། སྒོ་དབྱེ་དེ་ཉིད་དེང་རབས་ཀྲུང་གོའི་མཚོན་རྟགས་གསལ་པོ་ཞིག་ཏུ་གྱུར་ཡོད། ཀྲུང་གོས་རྒྱུན་ཆད་མེད་པར་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ན་རང་ཉིད་འཕེལ་རྒྱས་ཡོང་རྒྱུ་མ་ཟད། ད་དུང་འཛམ་གླིང་ལ་བདེ་སྐྱིད་སྐྲུན་ཐུབ་རྒྱུ་ཡིན། ཀྲུང་གོའི་སྒོ་དབྱེའི་རྒྱལ་སྒོ་རྒྱག་མི་སྲིད་ལ་སྒོ་མོ་འབྱེད་རྒྱ་ཇེ་ཆེར་གཏོང་རྒྱུ་ཡིན་ཞེས་མཛུབ་སྟོན་གནང་བ་རེད།
       ཞི་ཅིན་ཕིང་གིས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་གཉིས་ཕན་གཉིས་ཁེའི་སྒོ་དབྱེའི་འཐབ་ཇུས་ལག་ལེན་བསྟར་ནས་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོས་ཐུན་མོང་ཐོག་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་གཏོང་མཁན་གལ་ཆེན་དང་། འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཀྱི་འབྱུང་གནས་བརྟན་པོ། རྒྱལ་ཁབ་ཁག་གིས་ཚོང་དོན་གོ་སྐབས་རྒྱ་ཆེར་གཏོང་བའི་གསོན་ཤུགས་ལྡན་པའི་ཁྲོམ་ར་ཆེན་པོ། གོ་ལ་ཧྲིལ་པོའི་སྒྱུར་བཅོས་བཅོས་སྒྲིག་ལ་ལེགས་སྐྱེས་ཧུར་ཐག་འབུལ་མཁན་བཅས་བྱེད་རྒྱུ་ཡིན། སྒོ་དབྱེ་སྔར་བས་རྒྱ་ཆེར་བཏང་ནས་ཀྲུང་གོས་གཤམ་གསལ་ཕྱོགས་ཁ་ཤས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་སྟེ།
        གཅིག ནང་འདྲེན་གྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བར་བྱེད་རྒྱུ་ཡིན། ཀྲུང་གོས་ཡུལ་མིའི་ཡོང་འབབ་མང་དུ་གཏོང་བ་དང་འཛད་སྤྱོད་ནུས་པ་ཆེ་རུ་གཏོང་བ། རིམ་པ་འབྲིང་མཐོའི་འཛད་སྤྱོད་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་པ། རྒྱལ་ནང་གི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་མུ་མཐུད་འདོན་སྤེལ་བྱེད་པ་བཅས་བྱས་ཏེ། ནང་འདྲེན་གྱི་བར་མཐོངས་རྒྱ་ཆེར་གཏོང་རྒྱུ་དང་། སྒོ་ཁྲལ་སྔར་བས་དམའ་རུ་བཏང་ནས་འགག་སྒོ་སྒྲོལ་བའི་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ནང་འདྲེན་ལྷུ་ཚིགས་ཀྱི་ལམ་ལུགས་རང་བཞིན་གྱི་མ་གནས་ཉུང་དུ་བཏང་ནས་ས་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་དོན་སོགས་ཀྱི་ལས་རྣམ་གསར་པ་དང་བྱ་ཐབས་གསར་པའི་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ། ཀྲུང་གོས་ལྷག་བསམ་ཟོལ་མེད་ངང་རྒྱལ་ཁབ་ཁག་ལ་ཁྲོམ་ར་སྒོ་ཕྱེ་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ལོ་ལྟར་གཉེར་རྒྱུ་ཡིན་པ་མ་ཟད། ད་དུང་ཆུ་ཚད་ལྡན་པ་དང་། ཕན་འབྲས་ཆེ་བ། ཡག་ཐོག་ཡག་བརྩེགས་བཅས་ཡོང་བ་བྱེད་རྒྱུ་ཡིན།
       གཉིས། ཁྲོམ་རའི་འཇུག་འཐུས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན། ཀྲུང་གོས་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་འཇུག་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་སྔར་བས་ཁུ་བསྡུ་བྱེད་པ་དང་། མ་འཇོག་གི་ཚོད་འཛིན་ཉུང་དུ་གཏོང་བ། མ་འཇོག་རང་མོས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། དངུལ་རྩའི་ལས་རིགས་སྒོ་འབྱེད་རྒྱ་རིམ་བཞིན་བརྟན་དུ་གཏོང་བ། ཞབས་ཞུའི་ལས་རིགས་ཀྱི་སྒོ་དབྱེར་མུ་མཐུད་སྐུལ་འདེད་གཏོང་བ། ཞིང་ལས་དང་། གཏེར་འདོན་ལས་རིགས། བཟོ་སྐྲུན་ལས་རིགས་སྒོ་དབྱེ་གཏིང་ཟབ་བྱེད་པ། གློག་འཕྲིན་དང་། སློབ་གསོ། སྨན་བཅོས། རིག་གནས་སོགས་ཁྱབ་ཁོངས་ཀྱི་སྒོ་དབྱེའི་འཕེལ་རིམ་མགྱོགས་སུ་གཏོང་བ་བཅས་བྱེད་རྒྱུ་ཡིན།
      གསུམ། རྒྱལ་སྤྱིའི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་རྒྱུ་ཡིན། ཀྲུང་གོས་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ཁྲིམས་སྲོལ་མགྱོགས་མྱུར་བཏོན་ནས་ཡོངས་བསྒྲགས་དང་ཁ་གསལ་གྱི་ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། འཇུག་འཐུས་གོང་གི་རྒྱལ་དམངས་ཐོབ་ཐང་དང་བཀག་རྒྱའི་གསལ་ཐོ་སྣོན་པའི་དོ་དམ་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུ་དང་། ཀྲུང་གོའི་མངའ་ཁོངས་ནང་ཐོ་བཀོད་པའི་རིགས་ཁག་གི་ཁེ་ལས་ལ་ཕྱོགས་རིས་མེད་པ་དང་ལྟ་སྟངས་འདྲ་མཉམ་འཛིན་རྒྱུ། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་ཕྱི་རྒྱལ་གྱི་ཚོང་པའི་ཁྲིམས་མཐུན་ཁེ་དབང་དང་ལྷག་དོན་དུ་ཤེས་བྱའི་བདག་དབང་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ལ་ཁྲིམས་བཞིན་ཉེས་ཆད་གཅོད་པ་དང་། ཤེས་བྱའི་བདག་དབང་གི་ཞིབ་བཤེར་སྤུས་ཚད་མཐོ་རུ་དང་ཞིབ་བཤེར་ལས་ཆོད་ཆེ་རུ་བཏང་སྟེ། ཆད་གཅོད་རང་བཞིན་གྱི་སྐྱིན་ཚབ་ལམ་ལུགས་འཇུག་རྒྱུ་ཡིན་པ།
       བཞི། ཕྱི་ཕྱོགས་སྒོ་དབྱེའི་མཐོ་ས་གསར་པ་གཏོད་རྒྱུ་ཡིན། ཀྲུང་གོས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་སྒྱུར་བཅོས་དང་གསར་གཏོད་གཏིང་ཟབ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཧའེ་ནན་གྱིས་གོ་རིམ་དང་དུས་མཚམས་དབྱེ་བའི་སྒོ་ནས་རང་མོས་ཚོང་དོན་གྲུ་ཁའི་སྲིད་ཇུས་དང་ལམ་ལུགས་ཀྱི་མ་ལག་བསྐྲུན་རྒྱུར་དུས་ཚོད་དམ་འཛིན་གྱིས་ཞིབ་འཇུག་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་མོས་ཚོང་དོན་གྲུ་ཁ་བསྐྲུན་པའི་འཕེལ་རིམ་འཚོལ་ཞིབ་མགྱོགས་མྱུར་བྱེད་རྒྱུ་ཡིན་པ།
       ལྔ། ཕྱོགས་མང་དང་ཕྱོགས་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་སྲུང་སྐྱོང་བྱེད་པ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་དགོས་ངེས་ཀྱི་སྒྱུར་བཅོས་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཕྱོགས་མང་ཚོང་དོན་གྱི་སྒྲིག་གཞིར་ཐུན་མོང་ཐོག་སྲུང་སྐྱོབ་བྱེད་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། ཀྲུང་གོས་ས་ཁོངས་ཁྱོན་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་སྔ་ཙམ་འཇོག་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་གྲོས་ཆོད་ཀྱི་གྲོས་མོལ་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུ་དང་འབྲེལ། ཀྲུང་གོ་དང་། རི་པིན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་རང་མོས་ཚོང་དོན་ཁུལ་གྱི་གྲོས་མོལ་འཕེལ་རིམ་ལ་སྐུལ་འདེད་མགྱོགས་མྱུར་གཏོང་འདོད་ཡོད། ཀྲུང་གོས་2018ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ཐོག་བཏོན་པའི“བྱ་སྤྱོད་ཆེན་པོ་བརྒྱད”ལག་ལེན་ནན་པོ་བསྟར་ཏེ། རྒྱལ་ཁབ་ཉི་ཤུ་ཚོགས་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས། ཧྲང་ཧའེ་མཉམ་ལས་རྩ་འཛུགས། འབོ་གསེར་རྒྱལ་ཁབ་སོགས་གྱི་ལམ་སྲོལ་ཀྱི་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་མཐའ་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོར་སྒོ་དབྱེ་མཉམ་ལས་ཀྱི་རྒྱལ་སྤྱིའི་ལས་སྟེགས་ཤིག་མཁོ་འདོན་བྱེད་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
       ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡོད་ལ་བརྟན་ཐོག་ཡར་འཕེལ་བྱུང་ཡོད། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྐྱོན་བྲལ་བརྟན་ལྷིང་གི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་ཕྱིན་མེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཐོན་སྐྱེད་ཀྱི་གཙོ་རྒྱུའི་ཆ་རྐྱེན་ལ་འགྱུར་ལྡོག་ཕྱིན་མེད་ལ། ཡུན་རིང་གི་བརྟན་ཐོག་ཡར་འཕེལ་གྱི་སྤྱིའི་འཕེལ་ཕྱོགས་ལའང་འགྱུར་ལྡོག་ཕྱིན་མེད། ཀྲུང་གོར་དཔལ་འབྱོར་ཡུན་རིང་དང་། སྐྱོན་བྲལ། བརྟན་ལྷིང་བཅས་ཀྱི་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་པའི་ཕན་ཡོད་ཆ་རྐྱེན་མང་དག་ཡོད། མདུན་སྐྱོད་ཁྲོད་འཕྲད་པའི་གནད་དོན་ལ་དམིགས་ནས་ང་ཚོས་བྱ་ཐབས་ཧུར་ཐག་སྤྱད་དེ་ཐག་གཅོད་བྱེད་བཞིན་ཡོད། ང་ཚོས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། གནས་པའི་འགལ་ཟླ་དང་གནད་དོན་མངོན་གསལ་དོད་པོ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་བཅས་བྱས་ཚེ། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་མགྱོགས་མྱུར་སྐྱོད་ཐུབ་ངེས་ཡིན་པ་དང་། ཀྲུང་གོ་མི་དམངས་ཀྱིས་མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ངེས་ཡིན་ལ། ཀྲུང་གོས་དེ་བས་འོད་སྟོང་འཕྲོ་བའི་འཕེལ་རྒྱས་ཀྱི་མདུན་ལམ་བསུ་ཐུབ་ངེས་ཡིན་ཞེས་ནན་བཤད་གནང་བ་རེད།
       ཞི་ཅིན་ཕིང་གིས་ཧྲང་ཧའེ་སོགས་ས་ཁུལ་གྱིས་ཕྱི་ཕྱོགས་སྒོ་དབྱེའི་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་སྔར་བས་ཡག་པོ་བྱ་ཆེད། ང་ཚོས་ཀྲུང་གོའི་ཧྲང་ཧའེ་རང་མོས་ཚོང་དོན་གྱི་ཚོད་ལྟའི་ཁུལ་གྱི་ཡུག་ཁུལ་གསར་པ་འཛུགས་པ་དང་། ཧྲང་ཧའེ་འཛིན་ལོརཉོ་ཚོང་སུའོ་རུ་ཚན་རྩལ་གསར་གཏོད་དཔར་མ་འཛུགས་པ་དང་འབྲེལ། ཐོ་འགོད་ལམ་ལུགས་ཚོད་ལྟ་བྱ་རྒྱུ་དང་། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་སྦྲགས། དེ་ཉིད་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རིམ་སྤོར་བྱ་རྒྱུའི་གཏན་འབེབས་བྱས་པ་ཡིན་ཞེས་ཁྱབ་བསྒྲགས་གནང་བ་རེད།
      ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ནི་ཀྲུང་གོའི་རྐྱང་གཞས་མ་ཡིན་པར། དེ་ནི་རྒྱལ་ཁབ་ཁག་གི་མཉམ་གཞས་ཆེན་པོ་ཞིག་ཡིན། སྐུ་མགྲོན་རྣམ་པས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྒྲིག་མ་ལག་སྒྱུར་བཅོས་ཀྱི་བསམ་ཕྱོགས་གསར་པར་གྲོས་བསྡུར་གཏིང་ཟབ་བྱས་ཏེ། རང་མོས་ཚོང་དོན་དང་ཕྱོགས་མང་ཚོང་དོན་གྱི་སྒྲིག་གཞི་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་དང་། གསར་གཏོད་བསྟུན་མཁས་ཀྱི་སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་མཉམ་དུ་བཏོད་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་དམིགས་ཚད་ཀྱི་ཕྱོགས་སུ་ཞུམ་མེད་མདུན་སྐྱོད་ལྷོད་མེད་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་མིའི་རིགས་ཀྱི་འབྱུང་འགྱུར་གཏོད་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
      ཞི་ཅིན་ཕིང་གིས་གཏམ་བཤད་གནང་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད།
      འགོ་ཚུགས་མཛད་སྒོའི་ཐོག་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་ཁག་གཅིག་གིས་ཤིས་ཚིག་གསུངས་ཤིང་། ཁོང་ཚོས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་ཧ་ཅང་ཆེན་པོར་བསྔགས་བརྗོད་བྱས་ནས་ཀྲུང་གོའི་དཔལ་འབྱོར་ལ་དེ་བས་འོད་ཟེར་འཕྲོ་བའི་མདུན་ལམ་འཆར་རྒྱུའི་ངོས་འཛིན་བྱས་པ་རེད། ཁོང་ཚོས་ནང་འདྲེན་དངོས་མང་སྟོན་ཚོགས་གཉེར་བ་དེ་ཐོག་ནས་ཀྲུང་གོས་སྒོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་བ་དང་གོ་ལ་ཧྲིལ་པོའི་ཚོང་དོན་གྱི་དྲང་སེམས་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་ལ་དེ་བས་མང་བའི་འཕེལ་རྒྱས་ཀྱི་གོ་སྐབས་སྦྱིན་རྒྱུ་ཡིན་པ་དེ་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་ཕན་པ་ཡོད། ཕྱོགས་ཁག་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་གོ་སྐབས་སུ་བྱས་ནས་ཀྲུང་གོ་དང་ཕྱོགས་གཉིས་ཀྱི་ཚོང་དོན་རྒྱ་ཆེར་གཏོང་བ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོ་ཕྱོགས་དང་མཉམ་དུ་སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་གཏོད་རྒྱུར་མཉམ་དུ་གཞོལ་རྒྱུ་ཡིན་ཞེས་བརྗོད་པ་རེད།
       ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་ཟླ་11ཚེས་5ནས་10ཉིན་བར་གཉེར་རྒྱུ་ཡིན་ཞིང་། རྒྱལ་ཁབ་དང་ས་ཁུལ་མང་པོ་ཞིག་གི་འགོ་ཁྲིད་མི་སྣ་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ། རྒྱལ་ཁབ་ཁག་གི་སྲིད་གཞུང་གི་སྐུ་ཚབ་དང་དེ་བཞིན་ཀྲུང་ཕྱིའི་ཁེ་ལས་མཁས་ཅན་གྱི་འཐུས་མི་སོགས་མི་1500ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།

༄༅།།ཞི་ཅིན་ཕིང་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོའི་འགོ་ཚུགས་
མཛད་སྒོར་ཕེབས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ།

  
style="display:none;"