མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་མཁའ་སྐྱོད་དང་འཇིག་རྟེན་འཕུར་སྐྱོད་ཀྱི་དངོས་མང་སྟོན་ཚོགས་སྐབས་བཅུ་
གཉིས་པ་འགོ་ཚུགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་08ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཤིན་ཧྭ་གསར་འགྱུར་ཁང་ཀྲུའུ་ཧའེ་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན། ཀྲུང་གོ་རྒྱལ་སྤྱིའི་མཁའ་སྐྱོད་དང་འཇིག་རྟེན་འཕུར་སྐྱོད་ཀྱི་དངོས་མང་སྟོན་ཚོགས་སྐབས་བཅུ་གཉིས་པ་ཀྲུའུ་ཧའེ་རྒྱལ་སྤྱིའི་མཁའ་སྐྱོད་འགྲེམས་སྟོན་ལྟེ་གནས་སུ་འགོ་ཚུགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་མཁའ་སྐྱོད་འགྲེམས་སྟོན་གཉེར་བར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་སྦྲགས། མཁའ་སྐྱོད་འགྲེམས་སྟོན་ལ་ཞུགས་མཁན་རྒྱལ་ཁབ་ཁག་གི་སྐུ་ཚབ་དང་ཁེ་ལས་མཁས་ཅན་སོགས་ལས་རིགས་ཁག་གི་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཞུས་པ་རེད།
       ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། མིའི་རིགས་ཀྱིས་གནའ་སྔ་མོ་ནས་མུ་མཐའ་མི་མངོན་པའི་བར་སྣང་ལ་ཡིད་སྨོན་ཆེན་པོ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་མི་རབས་ནས་མི་རབས་བར་གྱིས་མཁའ་དབྱིངས་སུ་འཕུར་བའི་ཕུགས་འདུན་བརྒྱུད་སྤྲོད་བྱས་ཡོད། དུས་རབས་19ཚུན། འཛམ་གླིང་གི་མཁའ་སྐྱོད་དང་འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རྩལ་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་ཐེབས་ཡོད། འབྱུང་འགྱུར་ལ་ཕྱོགས་སྐབས། མཁའ་སྐྱོད་དང་འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱིས་མིའི་རིགས་ལ་བདེ་སྐྱིད་དེ་བས་མང་བ་སྐྲུན་ཐུབ་ངེས་ཡིན་ཞེས་མཛུབ་སྟོན་གནང་བ་རེད།
       ཞི་ཅིན་ཕིང་གིས་ཀྲུང་གོས་སྔ་བར་ཕྱི་གསུམ་དུ་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་མཁའ་སྐྱོད་དང་འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བཞིན་ཡོད། ལོ་20ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོ་རྒྱལ་སྤྱིའི་མཁའ་སྐྱོད་དང་འཇིག་རྟེན་འཕུར་སྐྱོད་ཀྱི་དངོས་མང་སྟོན་ཚོགས་དེ་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་མཁའ་སྐྱོད་དང་འཇིག་རྟེན་འཕུར་སྐྱོད་རིགས་ཀྱི་ཆེད་ལས་འགྲེམས་ཚོགས་ཀྱི་གྲས་ཤིག་ཏུ་གྱུར་ཏེ། འཛམ་གླིང་གི་མཁའ་སྐྱོད་དང་འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་ཧུར་ཐག་བཏོན་ཡོད། སྐབས་འདིའི་མཁའ་སྐྱོད་འགྲེམས་སྟོན་གྱིས་འཛམ་གླིང་གི་མཁའ་སྐྱོད་དང་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐུབ་པ་དང་། རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཐུབ་སྟེ། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་མཁའ་སྐྱོད་དང་འཇིག་རྟེན་འཕུར་སྐྱོད་ཀྱི་ལག་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་ཆེད་ལེགས་སྐྱེས་འབུལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།
       འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ལི་ཤིས་ཀྱིས་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་། ཞུས་ཆི་ལེའང་དང་། ཝང་ཡུང་། ཧོ་ཧོའུ་ཧྭ། ལེའང་ཀྲེན་དབྱིང་བཅས་ཕེབས་ཡོད་པ་རེད།
        ཀྲུང་གོ་རྒྱལ་སྤྱིའི་མཁའ་སྐྱོད་དང་འཇིག་རྟེན་འཕུར་སྐྱོད་དངོས་མང་སྟོན་ཚོགས་སྐབས་བཅུ་གཉིས་པ་ཟླ་11ཚེས་6ནས་11ཉིན་བར་ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར་དུ་གཉེར་རྒྱུ་ཡིན་པ་རེད། 1996ལོར་སྐབས་དང་པོ་གཉེར་བ་ནས་བཟུང་། ཀྲུང་གོ་རྒྱལ་སྤྱིའི་མཁའ་སྐྱོད་དང་འཇིག་རྟེན་འཕུར་སྐྱོད་དངོས་མང་སྟོན་ཚོགས་འདི་ཉིད་ཚོང་དོན་རང་བཞིན་དང་། ཆེད་ལས་རང་བཞིན། མྱོང་རོལ་རང་བཞིན་བཅས་གཞི་གཅིག་ཏུ་འདུས་ནས་དེང་གི་རྒྱལ་སྤྱིའི་མཁའ་སྐྱོད་དང་འཇིག་རྟེན་འཕུར་སྐྱོད་ལས་རིགས་ཀྱི་སྔོན་ཐོན་ཚན་རྩལ་མཚོན་པའི་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་གྱུར་ཡོད། སྐབས་འདིའི་མཁའ་སྐྱོད་འགྲེམས་སྟོན་ལ་རྒྱལ་ཁབ་དང་ས་ཁུལ་40ལྷག་ཙམ་གྱི་འགྲེམས་ཞུགས་པ་700ལྷག་ཙམ་ཞུགས་ཡོད་པ་དང་དེ་ཐོག་ནས་འཛམ་གླིང་གི་མཁའ་སྐྱོད་དང་འཇིག་རྟེན་འཕུར་སྐྱོད་ལས་རིགས་ཀྱི་འཕེལ་རྒྱས་གསར་ཤོས་ཀྱི་ཆུ་ཚད་གང་ལེགས་མངོན་ཡོད་པ་རེད།

  
style="display:none;"