མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅི་ཤིན་ཀེ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་10ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

            ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅི་ཤིན་ཀེ་དང་མཇལ་འཛོམས་གནང་བ་རེད།
               ཞི་ཅིན་ཕིང་གིས་འབུམ་རམས་པ་ཅི་ཤིན་ཀེ་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་ཡིན་ལ་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ཐད་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཀྱང་ཕུལ་ཡོད་པས་ང་ཚོས་བརྗེད་མི་སྲིད། ལོ་40ཡི་རིང་། ཀྲུང་ཨའི་འབྲེལ་བར་ཚོད་བགམ་དང་དཀའ་ངལ་འཕྲད་མོད། འོན་ཀྱང་སྤྱིའི་ཆ་ནས་བརྟན་པོའི་ངང་འཕེལ་རྒྱས་སོང་ཡོད། དེང་གི་འཛམ་གླིང་ལ་ལོ་ངོ་བརྒྱའི་ནང་ཐོན་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འཕྲད་བཞིན་ཡོད་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཁྱབ་ཀྱིས་ཀྲུང་ཨའི་འབྲེལ་བ་མུ་མཐུད་ཡང་དག་པའི་ཁ་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ང་དང་ཙུང་ཐུང་ཐེ་རོན་ཕུས་ཨ་ཀེན་ཐིན་གྱི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས་སྐབས་གྲོས་མོལ་བྱ་རྒྱུའི་ཁ་ཆད་བྱས་པ་ཡིན། སྐབས་དེ་དུས་ཕྱོགས་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ལ་བསམ་འཆར་བརྗེ་རེས་གཏིང་ཟབ་བྱ་ཆོག་ཅེས་གསུངས་པ་རེད།
            ཞི་ཅིན་ཕིང་གིས་ཀྲུང་ཨ་ཕྱོགས་གཉིས་པོས་ཕ་རོལ་པོའི་འཐབ་ཇུས་འདོད་བློར་བརྡར་ཤ་ཡང་དག་གཅོད་དགོས། དུས་སྐབས་ཤིག་རིང་ཨ་རིའི་རྒྱལ་ནང་དུ་ཀྲུང་གོ་དང་འབྲེལ་བ་ཡོད་པའི་གཏམ་གླེང་ངན་པ་མང་དུ་སོང་བར་དོ་ཁུར་བྱེད་འོས་པ་ཞིག་ཡོད། ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་གདོང་ཐུག་མི་བྱེད་པ་དང་འགྲན་ཟླར་མི་ལངས་པ་དང་། ཕན་ཚུན་བརྩི་འཇོག་བྱེད་པ། མཉམ་ལས་གཉིས་ཁེ་བཅས་ཀྱི་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་སྔར་བཞིན་གཞོལ་བཞིན་ཡོད་ཅིང་། ཨ་རི་ཕྱོགས་དང་མཉམ་དུ་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་ཕན་ཚུན་བསམ་ཤེས་དང་བསྟུན་མཁས་ཀྱི་བསམ་པར་བརྟེན་ནས་མཛའ་གྲོགས་གྲོས་མོལ་བརྒྱུད་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རིང་ཐོན་པའི་གནད་དོན་ཐག་གཅོད་འོས་འཚམ་བྱ་འདོད་ཡོད། དེ་དང་ཆབས་ཅིག་ཀྲུང་གོ་ཕྱོགས་ཀྱིས་རང་ཉིད་ཀྱིས་བདམས་པའི་འགྲོ་ལམ་གཞིར་བཟུང་། འཕེལ་རྒྱས་གཏོང་བའི་དབང་ཆ་དང་ལུགས་མཐུན་གྱི་ཁེ་དབང་ལ་ཨ་རི་ཕྱོགས་ཀྱིས་བརྩི་འཇོག་བྱེད་དགོས་པ་མ་ཟད། ཀྲུང་གོ་དང་མཉམ་དུ་ཁ་ཕྱོགས་གཅིག་ཏུ་མདུན་སྐྱོད་བྱས་ཏེ་ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ཅི་ཤིན་ཀེས་ཨ་ཀྲུང་འབྲེལ་བ་དུས་མཚམས་གསར་པར་སླེབས་པའི་དུས་སྐབས་གལ་ཆེན་དུ་སླར་ཡང་ཀྲུང་གོར་ཡོང་བ་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། འདས་ཟིན་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་ངས་ཀྲུང་གོར་འཚམས་འདྲིར་ཐེངས་མང་ཡོང་ནས་ཀྲུང་གོའི་འཕེལ་རྒྱས་མིག་མཐོང་ལག་ཟིན་བྱུང་། མིག་སྔའི་དུས་བབ་འོག་ཨ་ཀྲུང་གི་མཉམ་ལས་དེ་འཛམ་གླིང་ཞི་བདེ་དང་དར་རྒྱས་ཐད་ཧ་ཅང་གལ་འགངས་ཆེན་པོ་ཡོད། ངས་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་འབད་བརྩོན་བྱས་པར་གདེང་འཇོག་མཐོ་པོ་བྱེད་ཀྱི་ཡོད། ཨ་ཀྲུང་གི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་འཐབ་ཇུས་ཀྱི་བསམ་བློ་དང་མིག་རྒྱང་རིང་པོ་དགོས་པས་ཨ་ཀྲུང་ཕྱོགས་གཉིས་པོས་ཕན་ཚུན་བསམ་ཤེས་དེ་བས་ཡག་པ་དང་། འཐབ་ཇུས་སྤེལ་རེས་ལ་ཤུགས་སྣོན། ཐུན་མོང་གི་ཁེ་ཕན་ཟམ་མི་ཆད་པར་ཆེར་གཏོང་། ཕྱོགས་འགལ་ལ་དོ་དམ་ཚོད་འཛིན་འོས་འཚམ་བཅས་བྱས་ཏེ་འཇིག་རྟེན་པར་ཨ་ཀྲུང་གི་ཐུན་མོང་ཁེ་ཕན་དེ་ཕྱོགས་འགལ་ལས་ཧ་ཅང་གིས་ཆེ་བ་ཡོད་པ་གསལ་སྟོན་བྱེད་དགོས། ཙུང་ཐུང་ཐེ་རོན་ཕུ་དང་ཀྲུའུ་ཞི་ཞི་ཅིན་ཕིང་རྣམ་གཉིས་ཀྱིས་ཨ་ཀེན་ཐིན་གྱི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས་སྐབས་འཚོག་རྒྱུའི་གྲོས་མོལ་ཐུགས་གྲ་ལེགས་འགྲིག་ཡོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

  
style="display:none;"