མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་11ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

           ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་དངུལ་རྩའི་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་བཏང་ནས་དམངས་གཉེར་ཁེ་ལས་དང་ལྷག་དོན་དུ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་མ་གནས་མཐོ་བའི་གནད་དོན་སེལ་དགོས་པའི་བླང་བྱ་བཏོན་གནང་བ་དང་། ཆེད་དོན་བྱ་སྤྱོད་སྤེལ་ཏེ་དམངས་གཉེར་ཁེ་ལས་ཀྱི་མ་དངུལ་འགྱངས་ཆད་སོང་བའི་གནད་དོན་ཐག་གཅོད་བྱ་རྒྱུའི་གཏན་འབེབས་གནང་བ། སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་ནུས་པ་འདོན་སྤེལ་ནུས་ལྡན་གྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང་དེ་བཞིན“ཞིང་གསུམ”འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་བཀོད་སྒྲིག་གནང་བ་རེད།
           སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ་དངུལ་རྩས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང་དེ་བཞིན“ཞིང་གསུམ”ལ་རྒྱབ་སྐྱོར་དེ་བས་ལེགས་པ་བྱ་ཆེད། ཚོགས་འདུའི་ཐོག གཅིག་ནས་རིམ་ཁག་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་དང་ཁག་ཐེག་བསྐྱར་མའི་སྒྲིག་གཞིས་ཞིང་སྐྱོར་དང་ཁེ་ལས་ཆུང་གྲས་ལ་རྒྱབ་སྐྱོར་གྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་བྱ་རྒྱུ་ལས་སྒོ་གཙོ་བོར་བརྩིས་ཏེ་ཚན་པ་གཅིག་རྐྱང་གི་ཁག་ཐེག་མ་དངུལ་སྒོར་ཁྲི་500དང་དེ་མན་གྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང་དེ་བཞིན“ཞིང་གསུམ”གྱི་བྱེད་པོར་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་དགོས། གཉིས་ནས་མ་རྩ་བསྡུ་སྒྲིལ་གྱི་མ་གནས་དམའ་རུ་གཏོང་དགོས་ཤིང་། རྒྱལ་ཁབ་ཀྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་ཐེབས་རྩའི་ཁག་ཐེག་འགྲོ་གྲོན་ཚད་གཞི་དེ་ཞིང་ཆེན་རིམ་པའི་སྒྲིག་གཞིའི་ཁག་ཐེག་འགྲོ་གྲོན་ཚད་གཞིའི་ཆུ་ཚད་ལས་མཐོ་མི་རུང་། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་རྩ་བསྡུ་སྒྲིལ་ཁག་ཐེག་གི་གཞི་ཁྱོན་ཆེར་གཏོང་དང་ཁག་ཐེག་འགྲོ་གྲོན་ཚད་གཞི་དམའ་རུ་གཏོང་བ་སོགས་ཀྱི་ཕན་འབྲས་མངོན་གསལ་དོད་པའི་ས་གནས་ལ་ཀྲུང་དབྱང་ནོར་སྲིད་ནས་བྱ་དགའ་དང་ཁ་གསབ་སྤྲོད་རྒྱུ་ཡིན། གསུམ་ནས་ཉེན་ཁ་མཉམ་དུ་འཁུར་རྒྱུ་ལག་ལེན་བསྟར་དགོས་ཤིང་། རྒྱལ་ཁབ་ཀྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་ཐེབས་རྩ་དང་དངུལ་རྩའི་སྒྲིག་གཞིས་འཁུར་བའི་ཉེན་ཁའི་འགན་འཁྲིའི་བསྡུར་ཚད་དེ་རྩ་དོན་བྱས་ན་20%ལས་དམའ་མི་རུང་བས་དེའི་རྐྱེན་པས་དངུལ་ཁང་གིས་དངུལ་བུན་གཏོང་བའི་གྲངས་འབོར་དངོས་ཉུང་དུ་གཏོང་མི་ཆོག ས་གནས་ཁག་ལ་ཞིང་སྐྱོར་དང་ཁེ་ལས་ཆུང་གྲས་ལ་རྒྱབ་སྐྱོར་གྱི་ཁག་ཐེག་ལས་སྒོའི་བསྡུར་ཚད་མཐོ་བ་དང་འཕར་མགྱོགས་པའི་སྒྲིག་གཞིར་ཉེན་ཁའི་ཁ་གསབ་སྤྲོད་དགོས་པ་དང་ནོར་སྲིད་ནས་མ་དངུལ་འདོན་རྒྱུ་གཙོ་བོར་བྱས་པའི་སྣ་མང་ཅན་གྱི་མ་དངུལ་ཁ་གསབ་ལམ་སྲོལ་འཚོལ་ཞིབ་ཀྱིས་འཛུགས་རྒྱུར་སྐུལ་ལྕག་བཏང་སྟེ་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་རྒྱུན་མཐུད་གཉེར་སྐྱོང་ཐུབ་པའི་འགན་ལེན་བྱེད་དགོས་པ་བཅས་གཏན་འཁེལ་བྱས་ཡོད།

 

  
style="display:none;"