མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོཌ་སྐྱོབ་དཔུང་ཁག་ལ་དར་ཆ་གནང་བ་དང་སྦྲཌ་བསླབ་སྟོན་བཀའ་སློབ་ཀྱང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་11ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོཌ་སྐྱོབ་དཔུང་ཁག་ལ་དར་ཆ་གནང་བ་དང་སྦྲཌ་བསླབ་སྟོན་བཀའ་སློབ་ཀྱང་གནང་བ།

            ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་ལ་དར་ཆ་སྤྲོད་པའི་མཛད་སྒོ་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་ལ་དར་ཆ་སྤྲད་པ་དང་སྦྲགས་བསླབ་སྟོན་བཀའ་སློབ་ཀྱང་གནང་བ་དང་། ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་མེ་ཟོན་རོགས་སྐྱོབ་མི་སྣ་ཡོངས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་བཙུགས་པ་ནི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དང་འཚམ་པར་བྱེད་པའི་འཐབ་ཇུས་བཀོད་ཇུས་ཤིག་དང་། རང་རྒྱལ་གྱི་རྒྱལ་བབ་དང་གནོད་འཚེའི་ལས་འཛོལ་གྱི་ཁྱད་ཆོས་ལ་གཞི་ཚུགས་པ་དང་། དུས་རབས་གསར་པའི་རྒྱལ་ཁབ་ཀྱི་འཕྲལ་སྡོམ་རོགས་སྐྱོབ་མ་ལག་བསྐྲུན་པའི་བྱ་ཐབས་གལ་ཆེན་ཞིག་རེད། དེ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་ཉེན་སེལ་གྱི་ནུས་པ་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་སྤྱི་པའི་བདེ་འཇགས་སྲུང་སྐྱོང་བྱེད་པ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་ཏང་ལ་ལྷག་བསམ་རྣམ་དག་དང་། སྒྲིག་ཁྲིམས་ནན་པོ། སྲོག་ཉེན་ལ་མི་འཛེམ་པ། མི་དམངས་ལ་བློ་གཅིག་སེམས་གཅིག་བཅས་བྱེད་པ་དང་། མི་དམངས་མང་ཚོགས་ལ་དགོས་མཁོ་ཆེ་ཤོས་ཀྱི་དུས་སུ་སྔོན་ལ་གདོང་མཆོང་བྱེད་པ། མེ་ཆུའི་ཁྲོད་ནས་མང་ཚོགས་སྐྱོབ་པ། ཉེན་ཁའི་ཁྲོད་དུ་མང་ཚོགས་ལ་རོགས་སྐྱོར་བྱེད་པ། མི་དམངས་ལ་སྟོབས་ཤུགས་སྦྱིན་པ་བཅས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་ཆེད་དཔའ་ངར་ཆེན་པོས་འབད་འཐབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
            མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་གློག་འོད་རབ་ཏུ་འཕྲོ་བ་དང་རྣམ་པ་སྒམ་བརླིང་ལྡན་ལ་འཁྲུག་ཆ་དོད་ཅིང་། རྒྱབ་རས་དམར་པོའི་ཐོག“རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་ལ་དར་ཆ་སྤྲོད་པའི་མཛད་སྒོ”ཞེས་པའི་ཡི་གེ་མངོན་གསལ་ཧ་ཅང་དོད་པོ་ཡོད། ལས་གོས་བཟོ་ལྟ་གསར་པ་གྱོན་པའི་མེ་ཟོན་རོགས་སྐྱོབ་མི་སྣ་500ལྷག་ཙམ་གྱིས་རུ་སྟར་བསྒྲིགས་པོས་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ཐོག་ནས་མཛད་སྒོ་འཚོག་རྒྱུ་བསྒུགས་བཞིན་ཡོད་པ་རེད།
          ཆུ་ཚོད་10དང་སྐར་མ་30ཡི་ཐོག་དར་ཆ་སྤྲོད་པའི་མཛད་སྒོ་འགོ་ཚུགས་པ་དང་བསྟུན་ཚོགས་རའི་ནང་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
           གཟབ་སྦྲེང་རུ་མིས་ཀྲུང་གོ་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་རུ་དར་ཡག་པོ་འཁྱེར་བཞིན་གོམ་སྟབས་འགྲིག་པོས་ཀྲུའུ་ཞི་སྡིངས་ཆའི་མདུན་དུ་བསྐྱོད། ཞི་ཅིན་ཕིང་གིས་འཕྲལ་སྡོམ་དོ་དམ་པུའི་མེ་ཟོན་རོགས་སྐྱོབ་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་ཧོང་མིང་ལ་དར་ཆ་གནང་བ་རེད། ཧོང་མིང་གིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་། ཞི་ཅིན་ཕིང་གི་ཕྱག་ནས་ཀྲུང་གོ་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་རུ་དར་བླངས་པ་དང་འབྲེལ་དར་ཆ་ཁྱེར་ནས་གུས་སྟབས་ཀྱིས་ལངས་ནས་བསྡད་པ་རེད། ཚོགས་ར་ཡོངས་སུ་མེ་ཟོན་རོགས་སྐྱོབ་རུ་མིས་རུ་དར་ལ་ཕྱོགས་ནས་རྔམ་བརྗིད་ལྡན་པའི་གུས་འདུད་ཞུས་པ་རེད།
          དེ་རྗེས། ཞི་ཅིན་ཕིང་གིས་བསླབ་སྟོན་བཀའ་སློབ་གནང་ཞིང་། ཁོང་གིས་དུས་ཡུན་རིང་པོའི་ནང་མེ་ཟོན་དཔུང་ཁག་འདི་ཉིད་མི་སེར་དང་ཉེ་བཅར་ཐུབ་ཤོས་དང་འབྲེལ་གཏུག་དམ་ཟབ་ཡོད་པའི་དཔུང་ཁག་ཅིག་ཡིན་པའི་ཆ་ནས། ཉེན་བརྡ་བཏང་མ་ཐག་ལམ་སེང་དོན་པ་དང་། ཉེན་བརྡ་ཐོས་མ་ཐག་འཕྲལ་དུ་བྱ་སྤྱོད་སྤེལ་ནས་མི་དམངས་མང་ཚོགས་ལ་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་འབད་འཐབ་བྱས་ཡོད། ལྷག་དོན་དུ་གནོད་འཚེ་དང་ལས་འཛོལ་ཚབས་ཆེན་གྱི་མདུན་དུ་ཁྱེད་ཚོས་དཀའ་ཚེགས་དང་ཉེན་ཁར་མ་འཛེམ་པ་དང་དཔའ་ངར་ཆེན་པོས་སྔོན་ལ་གདོང་མཆོང་བྱས་ནས་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། སྒྱུར་བཅོས་ཀྱི་སྒྲིག་ལུགས་བསྒྱུར་རྗེས། འཕྲལ་སྡོམ་རོགས་སྐྱོབ་ཀྱི་གཙོ་ཤུགས་དམག་དང་རྒྱལ་ཁབ་ཀྱི་རུ་ཁག་ཡིན་པའི་ཆ་ནས་ཁྱེད་ཚོས་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བ་དང་། གནོད་འཚེ་དང་ལས་འཛོལ་སྣ་ཚོགས་ཐག་གཅོད་བྱེད་པའི་འགན་འཁྲི་གལ་ཆེན་ཁུར་ཡོད་པས་ཏང་དང་མི་དམངས་ཀྱིས་ཁྱེད་ཚོར་རེ་བ་ཆེན་པོ་བཅོལ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
          ཞི་ཅིན་ཕིང་གིས་མེ་ཟོན་རོགས་སྐྱོབ་དཔུང་ཁག་ལ་བླང་བྱ་ཁག་4བཏོན་གནང་བ་སྟེ། གཅིག་ནས་ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་གིས་ཏང་གི་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་གི་བཀའ་ལ་མཐའ་གཅིག་ཏུ་ཉན་པ་བཅས་ཀྱི་ཐོག་ནས་ནམ་ཡང་ཏང་དང་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་སྲུང་དམག་བྱེད་དགོས་པ་དང་། གཉིས་ནས་སྒྲིག་ཁྲིམས་ནན་སྲུང་གིས་སྒྲིག་ཁྲིམས་དཔུང་སྡེ་འཛུགས་སྐྱོང་གི་ཚད་གཞི་མཐའ་འཁྱོངས་བྱེད་པ་དང་། གཟི་བརྗིད་སྲོལ་རྒྱུན་དང་ཕུལ་བྱུང་གི་སྲོལ་རྒྱུན་དར་སྤེལ་གཏོང་བ། སློབ་གསོ་ནན་པོ་དང་། སྦྱོང་བརྡར་ནན་པོ། དོ་དམ་ནན་པོ། བླང་བྱ་ནན་པོ་བཅས་བྱེད་པ། ཅི་གསུང་དང་ལེན་དང་བཀོད་འདོམས་ལ་ཉན་པ། གཅིག་སྡུད་གཅིག་གྱུར་དང་གོམ་སྟབས་གཅིག་མཐུན་བྱེད་པ་བཅས་ཀྱི་ཐོག་ནས་བཙན་ཞིང་ནན་པའི་སྒྲིག་ཁྲིམས་ལ་བརྟེན་ཏེ་སྒྲིག་ཁྲིམས་ནན་པའི་དཔུང་ཁག་གཏོད་དགོས་པ། གསུམ་ནས་སྲོག་ཉེན་ལ་མི་འཛེམ་པ་བྱེད་ཕོད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་འབོད་སྐུལ་ལ་ཉན་པ། གྲ་སྒྲིག་ཨང་བསར་དང་ལམ་སེང་དོན་ཐུབ་པའི་དམག་འཐབ་གྲ་སྒྲིག་རྒྱུན་འཁྱོངས་བྱེད་པ། ཚན་རིག་དང་མཐུན་ལ་ཕན་འབྲས་ཆེ་བ་དང་ཆེད་ལས་གནད་སྨིན་གྱི་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་སྦྱོང་བ། དཔའ་ངར་ཆེ་ཞིང་གཉའ་མི་ཆག་པ་དང་རང་སྲོག་བློས་གཏོང་བར་མི་འཛེམ་པའི་དམག་འཐབ་ཀྱི་སྤྱོད་ཚུལ་དར་སྤེལ་གཏོང་བ། མཚོན་གྱི་རི་དང་མེ་ཡི་འོབས་ལ་མཆོང་ཕོད་པ། བསྐོང་ན་ཡོང་ཐུབ་པ་དང་འཐབ་ན་རྒྱལ་ངེས་པ་བཅས་བྱེད་དགོས་པ། བཞི་ནས་ནམ་ཡང་མི་དམངས་ལ་བློ་གཅིག་སེམས་གཅིག་གིས་མི་དམངས་རང་རྟོགས་ངང་སེམས་དབུས་ཀྱི་གནས་བབ་མཐོ་ཤོས་སུ་འཇོག་པ་དང་། མི་དམངས་ཀྱི་གཟེངས་བསྟོད་མཚན་སྙན་ཆེ་ཤོས་ལ་བརྩི་བ། མི་དམངས་མང་ཚོགས་ལ་དགོས་མཁོ་ཆེ་བའི་དུས་སུ་སྔོན་ལ་གདོང་མཆོང་བྱེད་པ། མེ་ཆུའི་ཁྲོད་ནས་མི་དམངས་སྐྱོབ་པ། ཉེན་ཁའི་ཁྲོད་དུ་མི་དམངས་ལ་རོགས་སྐྱོར་བྱེད་པ། མི་དམངས་ལ་སྟོབས་ཤུགས་སྦྱིན་པ། མི་དམངས་ལ་ཞབས་འདེགས་ཞུ་བའི་བརྒྱུད་རིམ་ནང་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་བརྒྱུད་སྤྲོད་བྱེད་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་ཆེད་དཔའ་ངར་ཆེན་པོས་འབད་འཐབ་བྱེད་དགོས་པ་བཅས་རེད།
           དར་ཆ་སྤྲོད་པའི་མཛད་སྒོའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས《རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་ལ“ཀྲུང་གོ་མེ་ཟོན་རོགས་སྐྱོབ་དཔུང་ཁག”གི་རུ་དར་སྤྲོད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》སྒྲོག་སྦྱངས་གནང་བ་རེད།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་དར་ཆ་སྤྲོད་པའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
           དར་ཆ་སྤྲོད་པའི་མཛད་སྒོར་ཞུགས་མཁན་མེ་ཟོན་རོགས་སྐྱོབ་མི་སྣ་ཡོངས་ཀྱིས་མཉམ་དུ་དམ་བཅའ་བཞག་པ་རེད། 

  
style="display:none;"