མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕྱི་འབྲེལ་བཙུགས་པའི་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་མཉམ་
སྡེབ་ཐོག་མཇལ་འཛོམས་གནང་བ་མ་ཟད་བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་18ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོར་སི་པིའི་གྲུ་ཁ་ནས་ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོར་སི་པིའི་གྲུ་ཁར་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཙུང་ལི་ཨའོ་ཉིར་དང་། སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཁེ་ལི་སེ་ཆིང་། ས་མོ་ཡའི་ཙུང་ལི་ཐུའུ་དབྱི་ལ་ཨའེ་ཕ། ཝ་ནུ་ཨ་ཐུའི་ཙུང་ལི་སར་ཝ་དབྱི། ཁོ་གེ་གླིང་ཚོམ་གྱི་ཙུང་ལི་ཕུའུ་ནཱ། ཐང་ཀའི་དབུ་བཞུགས་བློན་ཆེན་པོ་ཤིས་ཝ། ནིའུ་ཨེའི་ཙུང་ལི་ཐཱ་ལ་ཅེ་སོགས་ཕྱི་འབྲེལ་བཙུགས་པའི་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་དེ་བཞིན་ཧྥི་ཅི་སྲིད་གཞུང་གི་སྐུ་ཚབ་དང་རྒྱལ་སྲུང་པུའུ་ཀྲང་ཁུན་པུ་ཨན་པོ་ལ་བཅས་དང་མཉམ་སྡེབ་ཐོག་མཇལ་འཛོམས་གནང་ནས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འབྲེལ་བ་ཟབ་ཏུ་གཏོང་བའི་ཐད་གཟིགས་ཚུལ་བརྗེ་རེས་གནང་བ་དང་། 
        ཕྱོགས་གཉིས་པོའི་འབྲེལ་བ་ཕན་ཚུན་བརྩི་འཇོག་དང་ཐུན་མོང་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་དུ་སྤོར་རྒྱུ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་རྒྱུའི་མོས་མཐུན་གཅིག་མཐུན་བྱུང་ཡོད། ཞི་ཅིན་ཕིང་གིས་མཇལ་འཛོམས་གཙོ་སྐྱོང་གནང་བ་དང་སྦྲགས་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་སྟེ་དུས་བབ་གསར་པའི་འོག་གི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འབྲེལ་བ་འཕེལ་རྒྱས་ལ་གྲོས་འགོ་བཏོན་གནང་བ་དང་། ཕྱོགས་གཉིས་པོས་གོ་སྐབས་དམ་འཛིན་བྱས་ནས་ཐུན་མོང་ཐོག་འབྱུང་འགྱུར་གཏོད་པ་དང་། ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འབྲེལ་བའི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་པའི་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་གཉིས་ཀ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོར་གནས་པ་དང་གཉིས་ཀ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རེད། རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་ཅི་འདྲ་བྱུང་ཡང་ང་ཚོ་ནི་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་དང་ཕན་ཚུན་བརྩི་འཇོག་བྱེད་མཁན་གྱི་གྲོགས་པོ་བཟང་པོ་དང་། ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་དང་གཉིས་ཁེ་གཉིས་ཕན་གྱི་རོགས་ཟླ་བཟང་པོ། རྒྱུས་ལོན་འཆམ་མཐུན་དང་ཕན་ཚུན་སློབ་སྦྱོང་དང་དཔེ་ལྟ་སའི་སྤུན་ཟླ་བཟང་པོ་བཅས་རེད། ཀྲུང་གོས་རྒྱལ་ཁབ་ཆེ་ཆུང་གི་དབྱེ་བ་མེད་པར་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་དང་། གླིང་ཕྲན་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་རང་ཚུགས་ངང་འཕེལ་རྒྱས་ཀྱི་འགྲོ་ལམ་གདམ་ག་བྱེད་པའི་དབང་ཆར་བརྩི་འཇོག གླིང་ཕྲན་རྒྱལ་ཁབ་ཀྱིས་མཉམ་འབྲེལ་ངང་རང་སྟོབས་རང་སྤེལ་དང་འདྲ་མཉམ་ངང་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ལ་ཞུགས་རྒྱུར་འབད་འཐབ་བྱེད་པར་བརྩི་འཇོག་བཅས་བྱེད་ཀྱི་ཡོད། ང་ཚོས་གླིང་ཕྲན་རྒྱལ་ཁབ་ཀྱི་གྲོགས་པོར་ལྷག་བསམ་ཟོལ་མེད་དང་། གུས་ཞབས། ཁ་ཞེ་གཉིས་མེད་བཅས་བྱེད་ཀྱི་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འོས་འགན་དང་ཁེ་ཕན་གཉིས་ཀར་ལྟ་རྟོགས་དང་དྲང་བདེན་གཙོ་བོར་འཛིན་བ་མཐའ་འཁྱོངས་བྱེད་ཀྱི་ཡོད། གླིང་ཕྲན་རྒྱལ་ཁབ་ལ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། དམངས་འཚོ་ལེགས་སུ་གཏོང་བ། རང་བརྟེན་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་རོགས་སྐྱོར་བྱེད་སྐབས་ཤེས་བྱ་དང་ལག་རྩལ་སློབ་པ་མཐའ་འཁྱོངས་བྱེད་ཀྱི་ཡོད། ཀྲུང་གོས་རང་འགུལ་ངང་གླིང་ཕྲན་རྒྱལ་ཁབ་ལ་ཁྲོམ་རའི་སྒོ་མོ་འབྱེད་པ་དང་། མ་དངུལ་རྒྱ་ཆེར་གཏོང་བ། གླིང་ཕྲན་རྒྱལ་ཁབ་ནས་ནང་འདྲེན་བྱེད་ཤུགས་མང་དུ་གཏོང་བ་བཅས་བྱས་ཏེ་གླིང་ཕྲན་རྒྱལ་ཁབ་ཀྲུང་གོའི་འཕེལ་རྒྱས་ཀྱི་མྱུར་བགྲོད་རླངས་འཁོར་ལ་ཞུགས་རྒྱུར་དགའ་བསུ་ཞུ་ཡི་ཡོད། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྤེལ་རེས་མཉམ་ལས་དབྱར་མཚོ་རྒྱས་པ་བཞིན་འཕེལ་བ་དང་སྦྲགས། ཕྱོགས་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཀྱང་དེ་བས་ཟབ་ཏུ་འགྲོ་བཞིན་ཡོད་ཅེས་གསུངས།
         ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་མགྱོགས་ཤོས་དང་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་ས་ཁུལ་རེད། དུས་རབས་ཀྱི་བརྗོད་བྱར་ཕྱོགས་ཏེ་ང་ཚོར་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ནི་ཡང་དག་གི་གདམ་ག་འབའ་ཞིག་དེ་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་ཐད་གཤམ་གསལ་གྱི་གྲོས་འགོ་བཏོན་གནང་བ་སྟེ།
         གཅིག་ནི་འདྲ་མཉམ་མཉམ་གནས་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟབ་ཏུ་གཏོང་དགོས་པ་དང་། གཉིས་ནི་གཉིས་ཕན་མཉམ་ལས་མཐའ་འཁྱོངས་བྱས་ཏེ་ཐུན་མོང་དར་རྒྱས་ཡོང་བར་བྱེད་དགོས་པ། གསུམ་ནི་བསམ་བློ་གཅིག་མཐུན་མཐའ་འཁྱོངས་བྱས་ནས་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་དགོས་པ། བཞི་ནི་ཕན་ཚུན་ལྟ་སྐྱོང་མཐའ་འཁྱོངས་བྱས་ཏེ་དྲང་སྙོམས་དང་དྲང་བདེན་སྲུང་སྐྱོང་བྱེད་དགོས།

  
style="display:none;"