མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་
ཚོགས་ལ་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་19ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་
ཚོགས་ལ་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ།

         ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོར་སི་པིའི་གྲུ་ཁ་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་མོར་སི་པིའི་གྲུ་ཁར་འཚོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་ལ་གདན་ཞུས་ལྟར་ཞུགས་པ་དང་འབྲེལ《ཕྱར་བ་གྲུ་འདེགས་ངང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་ཞིང་། ཁོང་གིས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་སྟངས་འཛིན་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་བཅོས་སྐྱོང་ནུས་ལྡན་གྱི་བསམ་ཕྱོགས་ཤིག་འཚོལ་ཆེད། ཕྱར་བ་གྲུ་འདེགས་ངང་མཉམ་དུ་འཛམ་གླིང་དཔལ་འབྱོར་གྱི་གྲུ་ཆེན་བཏང་ནས་དེ་བས་མཛེས་སྡུག་ལྡན་པའི་ཕ་མཐར་སྐྱོད་ཐུབ་པ་བྱེད་དགོས། ཀྲུང་གོས་རང་ཉིད་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་འཛམ་གླིང་རྒྱལ་ཁབ་ཁག་ཐུན་མོང་ཐོག་གྲ་རྒྱས་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན། “རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་བསྐྲུན་རྒྱུ་ནི་ཀྲུང་གོས་འཛམ་གླིང་དང་གོ་སྐབས་མཉམ་སྤྱོད་དང་མཉམ་དུ་འཕེལ་རྒྱས་དོན་གཉེར་གྱི་འོད་ཟེར་ལྡན་པའི་ལམ་ཆེན་ཞིག་ཡིན་ཞེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་དུས་ཀྱི་འཛམ་གླིང་དུ་དཔལ་འབྱོར་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ཉེན་ཁ་དང་འགྲན་སློང་མངོན་གསལ་ཇེ་དོད་དུ་འགྲོ་བའི་དུས་བབ་འོག ང་ཚོས་གྲུ་གཅིག་ནང་བསྡད་ནས་འཕེལ་རྒྱས་དང་མཉམ་ལས་མཉམ་དུ་དོན་གཉེར་བྱ་རྒྱུར་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད། མཉམ་ལས་སམ་ཡང་ན་འགོག་རྒོལ་ཡིན་ནམ། སྒོ་འབྱེད་དམ་ཡང་ན་སྒོ་རྒྱག་ཡིན་ནམ། གཉིས་ཁེ་གཉིས་ཕན་ནམ་ཡང་ན་གཅིག་ཕམ་གཅིག་རྒྱལ་གྱི་འཐབ་རྩོད་ཡིན་ནམ། གནད་དོན་དེ་དག་ལ་ལན་ཇི་འདྲ་ཞིག་རྒྱག་རྒྱུ་དེ་རྒྱལ་ཁབ་ཁག་གི་ཁེ་ཕན་དང་འབྲེལ་བ་ཡོད་ལ་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བའང་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་བསྟན་གནང་དོན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་བཙུགས་པ་དང་འཕེལ་རྒྱས་ཕྱིན་པ་དེ་སྒོ་དབྱེ་མཉམ་འདྲེས་ཀྱི་ལོ་རྒྱུས་ཀྱི་རླབས་རྒྱུན་དང་མཐུན་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱིས་འཕེལ་རྒྱས་དོན་གཉེར་བྱེད་པའི་འདུན་པ་དྲག་པོ་དང་མཐུན་པ། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་གཅོག་པའི་ཐུན་མོང་གི་དགོས་མཁོ་དང་མཐུན་པ་བཅས་རེད།
        ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་འཛམ་གླིང་འདི་ཉིད་འཕེལ་རྒྱས་ཆེན་པོ་དང་། འཕོ་འགྱུར་ཆེན་པོ། ལེགས་སྒྲིག་ཆེན་པོ་བཅས་ཀྱི་དུས་སྐབས་སུ་གནས་ཡོད། དཔལ་འབྱོར་གོ་ལ་ཅན་གྱི་རྦ་རླབས་ཆེན་པོ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་ལང་ལོང་དུ་འཕྱུར་མོད། འོན་ཏེ་སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་ཀྱིས་འཛམ་གླིང་དཔལ་འབྱོར་འཕར་རྒྱུར་གྲིབ་ནག་བསྒྲིགས་ཡོད། ཚན་རྩལ་གསར་པའི་གསར་བརྗེ་དང་ཐོན་ལས་གསར་སྒྱུར་བྱ་རྒྱུར་ཤུགས་གཅིག་ཏུ་བསྒྲིལ་ནས་འདོན་གྲབས་བྱེད་མོད། འོན་ཏེ་འཕར་བའི་སྒུལ་ནུས་གསར་རྙིང་ད་དུང་བརྗེ་སྒྱུར་ཐུབ་མེད། རྒྱལ་སྤྱིའི་རྣམ་པར་འགྱུར་ལྡོག་གཏིང་ཟབ་ཕྱིན་མོད། འོན་ཏེ་འཕེལ་རྒྱས་དོ་སྙོམས་མེད་པ་རྩ་བ་ནས་འགྱུར་ལྡོག་བྱུང་མེད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གསར་སྒྱུར་མགྱོགས་པོ་འགྲོ་མོད། 
        འོན་ཏེ་རྗེས་ལུས་ལ་སྒྱུར་བཅོས་གཏོང་རྒྱུ་ནི་སྔར་བཞིན་མངོན་གསལ་དོད་པའི་འགྲན་སློང་ཞིག་རེད་ཅེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་སྟངས་འཛིན་དང་། རྒྱལ་སྤྱིའི་སྤྱི་ཚོགས་བཅོས་སྐྱོང་ནུས་ལྡན་གྱི་བསམ་ཕྱོགས་འཚོལ་ཞིབ་བྱ་རྒྱུའི་སྐོར་ལ་གཤམ་གསལ་འདོད་ཚུལ་བཏོན་གནང་བ་སྟེ། གཅིག་ནས་སྒོ་དབྱེའི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་བར་མཐོངས་ཆེ་རུ་གཏོང་དགོས་པ་དང་། གཉིས་ནས་འཕེལ་རྒྱས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་མི་དམངས་ལ་ཕན་བདེ་བསྐྲུན་ཤུགས་ཆེ་རུ་གཏོང་དགོས་པ། གསུམ་ནས་བསྟུན་མཁས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་མཉམ་འདྲེས་དང་མིག་དཔེ་ལྟ་རྒྱུར་སྐུལ་འདེད་གཏོང་དགོས་པ། བཞི་ནས་གསར་གཏོད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་འབྱུང་གཞི་གཏོད་དགོས་པ། ལྔ་ནས་སྒྲིག་སྲོལ་གྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་རེད།
         ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་བཞི་བཅུ་སོང་རིང་། ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ཀྱི་བློ་གྲོས་དང་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཡར་ལངས་བ་དང་། ཕྱུག་འགྱུར་དང་སྟོབས་འབྱོར་ལྡན་པ་ཞིག་ཡོང་བ་བྱེད་པའི་བར་གྱི་ལོ་རྒྱུས་ཀྱི་མཆོང་སྐྱོད་བསུས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བཏོད་ཡོད། ལོ་བཞི་བཅུའི་རིང་། ཀྲུང་གོ་མི་དམངས་ཀྱིས་འཚོལ་ཞིབ་བྱེད་ཕོད་པ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པར་བཏོད་ཡོད། ཀྲུང་གོའི་ད་ཆའི་གྲུབ་འབྲས་ནི་ཀྲུང་གོ་མི་དམངས་ཀྱིས་དཀའ་སྤྱད་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན། ཀྲུང་གོ་མི་དམངས་ཀྱིས་བློ་རྒྱ་ཆེན་པོས་འཛམ་གླིང་ལ་ཕྱོགས་ཏེ་སྒོ་མོ་ཕྱེ་ནས་འཛུགས་སྐྲུན་བྱ་རྒྱུ་མཐའ་འཁྱོངས་བྱས་པར་བརྟེན། ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་གི་དངོས་ཟོག་ཚོང་དོན་རྒྱལ་ཁབ་ཆེ་ཤོས་དང་། ཡུལ་སྐོར་ཁྲོམ་ར་ཆེ་ཤོས། རྒྱལ་ཁབ་130ལྷག་ཙམ་གྱི་ཚོང་དོན་རོགས་ཟླ་གཙོ་བོ་བཅས་སུ་གྱུར་ཡོད།
         ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་གོས་ཁྲོམ་རར་འཇུག་འཐུས་ཀྱི་ཚད་གཞི་མུ་མཐུད་ཇེ་ལྷུག་ཏུ་བཏང་སྟེ། ཤེས་བྱའི་བདག་དབང་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་རང་འགུལ་ངང་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་ཡིན། ཀྲུང་གོས་རྒྱལ་ཁབ་ཕྱི་ནང་གི་མ་འཇོག་ཁེ་ལས་ཚང་མར་ལྟ་སྟངས་གཅིག་པ་དང་འདྲ་མཉམ་འཛིན་རྒྱུ་དང་། རིགས་ཁག་གི་ཁེ་ལས་རྣམས་འདྲ་མཉམ་འགྲན་རྩོད་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་སྐུལ་ལྕག་བྱ་རྒྱུ་མ་ཟད། ད་དུང་ཁོང་ཚོའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་ཡང་གང་ལེགས་བྱ་རྒྱུ་ཡིན། གཟའ་འཁོར་གཅིག་གི་གོང་དུ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་ཧྲང་ཧའེ་རུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་ཡོད། ཀྲུང་གོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཚོང་དོན་རང་མོས་ཅན་ལ་རྒྱབ་སྐྱོར་བྱ་རྒྱུ་དང་རང་འགུལ་ངང་འཛམ་གླིང་ལ་ཁྲོམ་རའི་སྒོ་མོ་འབྱེད་རྒྱུའི་ཆོད་སེམས་ར་སྤྲོད་བྱས་ཡོད། མི་འབོར་དུང་ཕྱུར་14ཙམ་ཡོད་པའི་ཀྲུང་གོའི་ཁྲོམ་ར་ཆེན་པོ་དེ་ཉིད་འཛམ་གླིང་གི་དཔལ་འབྱོར་འཕར་བའི་འབྱུང་གཞི་དང་གསོན་ཤུགས་འཕེལ་གཞིར་འགྱུར་ངེས་ཡིན་པའི་ཡིད་ཆེས་ཡོད།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”སྐྲུན་པ་ནི་སྒོ་དབྱེ་མཉམ་ལས་ཀྱི་སྟེགས་བུ་དང་། མཐའ་འཁྱོངས་བྱེད་པ་ནི་མཉམ་གྲོས་དང་། མཉམ་བསྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་བའི་རྩ་དོན་དང་ཀྲུང་གོས་འཛམ་གླིང་དང་མཉམ་དུ་གོ་སྐབས་མཉམ་སྤྱོད་དང་འཕེལ་རྒྱས་མཉམ་གཉེར་བྱེད་པའི་འོད་ཟེར་ལྡན་པའི་ལམ་ཆེན་ཞིག་ཡིན། ཀྲུང་གོས་སང་ལོའི་ཟླ་4པར་པེ་ཅིང་དུ“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་གཉེར་རྒྱུ་ཡིན། དུས་དེར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་བཟོ་ཚོང་ལས་རིགས་ཀྱི་གྲོགས་པོ་ཚོ་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
        ཞི་ཅིན་ཕིང་གིས་བཟོ་ཚོང་ལས་རིགས་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་དང་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྣེ་ཁྲིད་མཁན་གྱི་སྟོབས་ཤུགས་གལ་ཆེན་ཞིག་རེད། ཁེ་ལས་མཁས་ཅན་ཚོས་རྒྱལ་ཁབ་ཁག་གིས་དངོས་གཉེར་སྲིད་ཇུས་ཧུར་ཐག་སྤྱོད་རྒྱུར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ལག་རྩལ་མཉམ་ལས་རྒྱ་ཁྱབ་ངང་སྤེལ་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་དང་ཐ་ན་འཛམ་གླིང་འཕེལ་རྒྱས་དང་དར་རྒྱས་ཡོང་ཆེད་གནམ་ས་གསར་པ་ཞིག་གཏོད་རྒྱུའི་རེ་བ་ཡོད། ང་ཚོས་ཁ་སྒྱུར་འཁོར་ལོ་དམ་པོར་བཟུང་བ་དང་། ཁ་ཕྱོགས་གསལ་པོར་ཤེས་པ་བྱེད་པ། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། རླབས་གཤག་མདུན་སྐྱོད་བྱེད་པ་བཅས་བྱས་ནས་ཐུན་མོང་ཐོག་འཛམ་གླིང་དཔལ་འབྱོར་གྱི་གྲུ་ཆེན་བཏང་སྟེ་དེ་བས་མཛེས་སྡུག་ལྡན་པའི་ཕ་མཐར་བསྐྱོད་རྒྱུའི་འབད་བརྩོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         དེ་ཉིན་ཞི་ཅིན་ཕིང་ད་དུང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པ་དང་བཟོ་ཚོང་བློ་འདྲི་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མིའི་དབར་གྱི་གླེང་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ། འཐུས་མི་ཚོ་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་རྒྱུ་དང“རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་བསྐྲུན་རྒྱུ་སོགས་ཀྱི་ཐད་དགོངས་འཆར་བརྗེ་རེས་ཀྱང་གནང་བ་རེད།

༄༅།།ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་
ཚོགས་ལ་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ།

  
style="display:none;"