མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་གྲོས་ཁང་འོག་མའི་གྲོས་དཔོན་ཨ་ལུའོ་གཡོད་དང་གྲོས་ཁང་
གོང་མའི་གྲོས་དཔོན་སུའོ་ཐུའོ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་23ཉིན། 12:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་གྲོས་ཁང་འོག་མའི་གྲོས་དཔོན་ཨ་ལུའོ་གཡོད་དང་གྲོས་ཁང་
གོང་མའི་གྲོས་དཔོན་སུའོ་ཐུའོ་དང་མཇལ་འཛོམས་གནང་བ།

         ཤིན་ཧྭ་གསར་འགྱུར་ཁང་མ་ནི་ལ་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ནི་ལར་ཧྥི་ལི་ཕིན་གྱི་གྲོས་ཁང་འོག་མའི་གྲོས་དཔོན་ཨ་ལུའོ་གཡོད་དང་གྲོས་ཁང་གོང་མའི་གྲོས་དཔོན་སུའོ་ཐུའོ་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་ཨ་ལུའོ་གཡོད་དང་སུའོ་ཐུའོ་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་དང་གྲོགས་པོ་ཡག་པོ་ཞིག་ཡིན་པ་དང་གྲོས་དཔོན་གཉིས་པོས་ཡུན་རིང་ཀྲུང་ཧྥིའི་མཛའ་གྲོགས་ཆེད་ལས་དོན་མང་པོ་བསྒྲུབས་པར་བསྔགས་བརྗོད་གནང་བ་རེད། ཞི་ཅིན་ཕིང་གིས་ཉེ་བའི་ལོ་ཤས་རིང་ཀྲུང་ཧྥིའི་འབྲེལ་བར་གསོན་ཤུགས་གསར་པ་འཕེལ་ནས་འགལ་རྐྱེན་སེལ་བ་དང་སྲ་བརྟན་གཏོང་བ་ནས་རིམ་པ་སྤོར་བའི་བར་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་བསྐྲུན་པ་མ་ཟད། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་བཏང་ཡོད། ཚེས་20ཉིན་ང་དང་ཙུང་ཐུང་ཏུའུ་ཐེར་ཐེ་ཡིས་མཉམ་དུ་ཀྲུང་ཧྥིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་བཙུགས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་དེ་བས་ཡག་པ་བྱེད་རྒྱུའི་གཏན་འབེབས་མགྲིན་གཅིག་ཏུ་བྱས་པ་ཡིན། ང་ཚོས་ཡང་དག་པའི་བགྲོད་ལམ་དེའི་ཐོག་མུ་མཐུད་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་ཏེ་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་པོའི་འབྲེལ་བའི་དངོས་པོའི་རྨང་གཞི་བརྟན་དུ་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དབར་སྤེལ་རེས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། ཕྱོགས་གཉིས་པོའི་འབྲེལ་བའི་དམངས་འདུན་རྨང་གཞི་བརྟན་པོ་འཛུགས་པ། ལྷོ་རྒྱ་མཚོའི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ། ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་བཅས་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་ཁྱིམ་མཚེས་ཡག་པོ་དང་རོགས་ཟླ་ཡག་པོ་ཞིག་བྱེད་དགོས་ཞེས་བསྟན་གནང་བ་རེད།
        ཞི་ཅིན་ཕིང་གིས་ཁྲིམས་འཛུགས་སྒྲིག་གཞིའི་དབར་མཛའ་གྲོགས་འགྲོ་འོང་བྱ་རྒྱུ་དེ་ཀྲུང་ཧྥི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་རེད། མིག་སྔར་ཀྲུང་ཧྥིའི་འབྲེལ་བ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད་པས་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པོ་ཡོད། རེ་བར་ཧྥི་ལི་ཕིན་གྱི་གྲོས་ཁང་གོང་འོག་གཉིས་ཀྱིས་ཀྲུང་ཧྥིའི་མཛའ་གྲོགས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་དེ་བས་ཆེ་བ་འདོན་དགོས། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་མིག་དཔེར་འཛིན་ཏེ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་རིམ་པ་མང་བ་དང་རྣམ་པ་མང་བའི་སྤེལ་རེས་མཉམ་ལས་བྱས་ཐོག་རྒྱལ་སྤྱི་དང་ས་ཁུལ་གྱི་གྲོས་ཚོགས་རྩ་འཛུགས་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཧྥི་ལི་ཕིན་གྲོས་ཚོགས་ཀྱིས་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོ་དང་དངོས་སྒྲུབ་མཉམ་ལས་བྱེད་པ་དང་། རྒྱལ་ཁབ་གཉིས་པོས་སློབ་གསོ་དང་། རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་དང་མཉམ་ལས་བྱེད་རྒྱུར་རྒྱབ་སྐྱོར་དང་སྐུལ་འདེད་བཏང་ནས་ཀྲུང་ཧྥི་འབྲེལ་བའི་དམངས་འདུན་རྨང་གཞི་དེ་བས་བརྟན་དུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད།
         ཨ་ལུའོ་གཡོད་དང་སུའོ་ཐུའོ་ཡིས་ཞི་ཅིན་ཕིང་ཧྥི་ལི་ཕིན་དུ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གཉིས་ཀྱིས་ཧྥི་ཀྲུང་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་འབྲེལ་བ་ཡག་པོ་ཡོད་ལ་ཀྲུང་གོ་ནི་ཧྥི་ལི་ཕིན་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རོགས་ཟླ་གལ་ཆེ་ཤོས་ཀྱི་གྲས་ཤིག་རེད། ཀྲུང་གོས་ཧྥི་ལི་ཕིན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་ཧྥི་ལི་ཕིན་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དུས་ཐུང་ནང་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་བྱུང་བའི་ཀྲུང་གོའི་གྲུབ་འབྲས་ཐོན་པའི་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ་དཔལ་འབྱོར་ཚོང་དོན་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་ཆེ་རུ་གཏོང་འདོད་ཡོད། ཧྥི་ལི་ཕིན་གྱི་གྲོས་ཁང་གོང་འོག་གཉིས་པོས་ཧྥི་ཀྲུང་གི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བར་རིམ་པ་སྤོར་རྒྱུར་མོས་མཐུན་ཡོད་པ་དང་ཏུའུ་ཐེར་ཐེ་སྲིད་གཞུང་གིས་ཧྥི་ཀྲུང་འབྲེལ་བ་འཕེལ་རྒྱས་ཡག་པོ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་ཀྲུང་གོ་དང་ཁྲིམས་འཛུགས་ལས་ཁུངས་དབར་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"