མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་30ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་གྲོས་མོལ་གནང་བ།

         ཤིན་ཧྭ་གསར་འགྱུར་ཁང་མ་ཏེ་རི་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་28ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ཏེ་རིར་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་གྲོས་མོལ་གནང་ཞིང་། ཕྱོགས་གཉིས་པོས་ཀྲུང་སིའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་བྱུང་ནས་ཀྲུང་སི་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བ་དེ་འགོ་འཛུགས་ས་གསར་པར་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་བཏང་ཐོག་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་བསྐྲུན་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ལས་ཁུར་བསྟུད་འཛིན་བྱས་རྗེས་ཡོ་རོབ་ལ་འཚམས་འདྲི་ཐེངས་དང་པོ་བྱས་ཏེ་སི་ཕེན་དུ་སླེབས་པར་ཧ་ཅང་དགའ་པོ་བྱུང་། འདི་ལོ་ནི་ཀྲུང་སི་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བའི་ལོ་ཞིག་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ཚུན་ཕྱོགས་གཉིས་པོའི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་བརྒྱུད་མྱོང་བ་དང་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་ཀྲུང་སིའི་མཛའ་གྲོགས་སྔར་ལས་ལྷག་པའི་འཕེལ་རྒྱས་ཕྱིན་ཡོད། སྐུ་ཞབས་དབུ་བཞུགས་བློན་ཆེན་གྱིས་ཀྲུང་སིའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་གཞོལ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་ཧུར་ཐག་གནང་བས་ང་ཚོས་དེའི་ཐད་བསྔགས་བརྗོད་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་ལ་སྔ་ཕྱི་བར་གསུམ་དུ་གཅེས་སྤྲས་བྱེད་པ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་སི་ཕེན་གྱི་ཤུགས་རྐྱེན་ཐེབས་ཤུགས་གལ་ཆེན་ལ་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། སི་ཕེན་ཕྱོགས་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་ཀྲུང་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་སྙིང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཆུ་ཚད་རིམ་སྤོར་བྱས་ཏེ་ཤེས་དཔལ་མི་འདྲ་བ་དང་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་བྱེད་པ་དང་སྤྱི་ཚོགས་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་དང་མཉམ་ལས་གཉིས་ཁེ་ཡོང་བའི་དཔེ་མཚོན་གཏོད་འདོད་ཡོད་ཅེས་བསྟན་གནང་བ་རེད།
         ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་མཐོ་རིམ་དབར་འགྲོ་འོང་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་གཞུང་སྡེ་ཚན་དང་ཁྲིམས་འཛུགས་སྒྲིག་གཞིའི་དབར་འགྲོ་འོང་དང་མཉམ་ལས་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟབ་ཏུ་བཏང་སྟེ་ཕྱོགས་གཉིས་པོའི་རྩ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་འགངས་ཆེན་དང་འབྲེལ་བ་ཡོད་པའི་ཐད་མུ་མཐུད་ཕན་ཚུན་བསམ་ཤེས་དང་ཕན་ཚུན་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་བགྲོད་ཡུན་འཁྱོངས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་སི་དབར“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་བྱེད་པར་ལོ་རྒྱུས་དང་ས་ཁམས་སོགས་ཀྱི་ལེགས་ཆ་མང་པོ་ཡོད་པས“རྒྱུད་གཅིག་ལམ་གཅིག”གྱི་གྲོས་འགོ་དང་སི་ཕེན་གྱི་ཨེ་ཤེ་ཡའི་འཐབ་ཇུས་དང་ས་དབུས་རྒྱ་མཚོའི་བར་ཁྱམས་འཛུགས་སྐྲུན་སོགས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་སྐུལ་འདེད་གཏོང་བ་དང་གྲུ་ཁ་དང་། ཆུ་ཐོག་སྐྱེལ་འདྲེན། མཁའ་འགྲུལ། ནུས་རྒྱུ་གསར་པའི་རླངས་འཁོར། དངུལ་རྩ་སོགས་ཁྱབ་ཁོངས་དང་མཉམ་ལས་རྒྱ་ཆེར་བཏང་སྟེ་ཚན་རྩལ་ལེགས་གཏོང་དང་མཉམ་ལས་གསར་གཏོད་བྱེད་དགོས། ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་དང་རིག་གནས་དང་། ས་གནས། ཡུལ་སྐོར། གསར་འགྱུར། སྨན་བཅོས། རིག་གནས་ཤུལ་བཞག་སྲུང་སྐྱོང་། ལུས་རྩལ་སོགས་ཁྱབ་ཁོངས་སུ་སྤེལ་རེས་དང་མཉམ་ལས་གཏིང་ཟབ་བྱེད་དགོས། ཀྲུང་གོས་སི་ཕེན་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐད་མུ་མཐུད་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོས་ཡོ་རོབ་གཞི་གཅིག་ཅན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་པོས་རྒྱལ་སྤྱིའི་སྒྲིག་ལམ་ལ་ཐུན་མོང་ཐོག་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་དགོས། ང་ཚོས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཡོ་རོབ་མནའ་འབྲེལ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་མཉམ་འབྲེལ་མཉམ་མཐུད་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོ་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། རེ་བར་སི་ཕེན་ཕྱོགས་ཀྱིས་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཤུགས་འདོན་སྤེལ་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་གནང་བ་རེད།
       སང་ཆེ་སིས་ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་སི་ཕེན་དུ་འཚམས་འདྲིར་ཕེབས་པ་དེ་ནི་ལོ་13ནང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་འཚམས་འདྲིར་ཕེབས་ཐེངས་དང་པོ་ཡིན་པ་དང་སི་ཀྲུང་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བ་དང་སྐབས་འཁེལ་བས་ལོ་རྒྱུས་ཀྱི་དོན་སྙིང་འགངས་ཆེན་ལྡན་ཡོད་ལ་སི་ཀྲུང་འབྲེལ་བའི་དུས་རབས་གསར་པ་འབྱེད་རྒྱུ་རེད། སི་ཀྲུང་འབྲེལ་བའི་འཕེལ་རྒྱས་མི་རྣམས་བློ་ཡིད་ཚིམ་པ་ཞིག་ཡོད་པ་དང་ཕྱོགས་གཉིས་པོའི་དབར་ཚོང་དོན་རོགས་ཟླ་གལ་ཆེན་ཡིན་ཞིང་། རིག་གནས་དང་སློབ་གསོའི་ཐད་ཉིན་བཞིན་སྤེལ་རེས་ཟབ་ཏུ་འགྲོ་བ་དང་སི་ཕེན་དུ་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བས་ཀྱང་སི་ཕེན་གྱི་རྒྱལ་ཁབ་འཕེལ་རྒྱས་དང་སི་ཀྲུང་མཛའ་གྲོགས་ཐད་ལེགས་སྐྱེས་ཧུར་ཐག་འབུལ་བཞིན་ཡོད། དུས་བབ་གསར་པའི་འོག་སི་ཕེན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟབ་ཏུ་བཏང་ནས་ཁྱབ་ཁོངས་ཁག་དབར་འགྲོ་འོང་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་འདོད་ཡོད། “རྒྱུད་གཅིག་ལམ་གཅིག”ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གྲོས་འགོ་གལ་ཆེན་ཞིག་ཡིན་པས་སི་ཕེན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ནང་ཧུར་ཐག་ངང་ཞུགས་འདོད་ཡོད། སི་ཕེན་གྱིས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོ་དང་ལངས་ཕྱོགས་གཅིག་མཚུངས་བྱེད་པ་དང་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱས་ཏེ་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         གྲོས་མོལ་གནང་རྗེས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཕྱོགས་མང་མཉམ་ལས་ཀྱི་ཡིག་ཆ་ཁག་མང་པོར་མིང་རྟགས་བཀོད་པར་ལྷན་དུ་བདེན་དཔང་གནང་བ་དེ་དག་རིག་གནས་དང་། དཔལ་འབྱོར། དམངས་འཚོ། སྔོན་ཐོན་རྒྱུ་ཆ། གློག་འཕྲིན། ཕུང་གསུམ་པའི་ཁྲོམ་རའི་མཉམ་ལས། སློབ་གསོ། དངུལ་རྩ་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་རེད།
         ཕྱོགས་གཉིས་པོས《དུས་སྐབས་གསར་པར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སི་ཕེན་རྒྱལ་ལྡན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།

  
style="display:none;"