མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཀྲུང་ཨུའི་ནུས་རྒྱུ་ཚོང་དོན་གླེང་སྟེགས་ལ་
ཁག་སོ་སོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་01ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

                 ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཀྲུང་ཨུའི་ནུས་རྒྱུ་ཚོང་དོན་གླེང་སྟེགས་ལ་ཁག་སོ་སོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
           ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། མིག་སྔར་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོ་པོའི་སྒོ་ནས་རྒྱུན་འཁྱོངས་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱང་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་ནུས་རྒྱུའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་ཀྲུང་ཨུའི་ནུས་རྒྱུ་མཉམ་ལས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
           ཞི་ཅིན་ཕིང་གིས་ཀྲུང་ཨུའི་ནུས་རྒྱུ་ཚོང་དོན་གླེང་སྟེགས་གཉེར་བ་ནི་ང་དང་ཙུང་ཐུང་ཕུའུ་ཅིང་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཡིན་ཞིང་། གཉེར་དོན་ནི་ཕྱོགས་གཉིས་པོའི་ཁེ་ལས་དབར་ཐད་ཀར་གླེང་མོལ་སྤེལ་རེས་ཀྱི་ལས་སྟེགས་ཤིག་བསྐྲུན་ནས་མཉམ་ལས་ཀྱི་གོ་སྐབས་རྒྱ་ཁྱབ་འཚོལ་བ་དང་མཉམ་ལས་ཀྱི་དགོས་མཁོ་གནད་སྨིན་ངང་འབྲེལ་མཐུད་བྱ་ཆེད་ཡིན། ཚོགས་ཞུགས་སྐུ་མགྲོན་ཚོས“ཀྲུང་ཨུའི་ནུས་རྒྱུ་ཉོ་ཚོང་དང་། མ་འཇོག དངུལ་རྩ་བཅས་ཕྱོགས་ཀུན་གྱི་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བའི”བརྗོད་དོན་གཙོ་བོར་དམིགས་ཏེ་སྤེལ་རེས་གཏིང་ཟབ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་གྱིས་ད་ཡོད་ཀྱི་མཉམ་ལས་སྲ་བརྟན་དང་མཉམ་ལས་ཀྱི་གོ་སྐབས་གསར་པ་བཙལ་ནས་ཀྲུང་ཨུའི་ནུས་རྒྱུ་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ཡག་པ་ཐོབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
            ཕུའུ་ཅིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་ཨུ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བརྟན་པོ་དང་རྒྱུན་མཐུད་ལེགས་སུ་འགྲོ་བཞིན་ཡོད་པ་དང་། ཨུ་ཀྲུང་གི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ནུས་རྒྱུ་མཉམ་ལས་ལ་ཉེ་བའི་ལོ་ཤས་རིང་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ད་ཐེངས་གླེང་སྟེགས་ཀྱི་གྲོས་རིམ་ཚགས་ཚུད་པ་དང་ནང་དོན་ཕུན་སུམ་ཚོགས་ཤིང་། གྲོས་གཞིར་ཕྱོགས་གཉིས་པོའི་སྣུམ་རླངས་དང་། རྡོ་སོལ། གློག་ཤུགས། མ་འཇོག ཚན་ཞིབ། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཚུད་ཡོད་པ་དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་ནུས་རྒྱུའི་ཁེ་ལས་ལ་ཐུན་མོང་གི་ཁེ་ཕན་ཧ་ཅང་རྒྱ་ཁྱབ་ཡོད་པ་གང་ལེགས་མངོན་ཡོད། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་སྡེ་ཚན་དང་། ནུས་རྒྱུའི་ཁེ་ལས། དངུལ་རྩའི་སྒྲིག་གཞི་དང་ཇུས་འདོན་ཚོགས་པ་བཅས་ཀྱི་ཚོགས་ཞུགས་སྐུ་མགྲོན་ཚོས་ནང་དོན་ཕུན་སུམ་ཚོགས་ལ་དགེ་མཚན་ལྡན་པའི་གླེང་མོལ་བྱས་ཏེ་ཕྱོགས་གཉིས་པོའི་གཉིས་ཁེའི་མཉམ་ལས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

  
style="display:none;"