མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་ལྷན་དུ་ཀྲུང་སིའི་ཁེ་ལས་བློ་འདྲི་
ཨུ་ཡོན་ལྷན་ཁང་གི་ཕྱོགས་གཉིས་པོའི་འཐུས་མིར་གཟིགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་01ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

               ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མ་ཏེ་རི་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ཏེ་རིར་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་ལྷན་དུ་ཀྲུང་སིའི་ཁེ་ལས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཕྱོགས་གཉིས་པོའི་འཐུས་མིར་གཟིགས་པ་རེད།
            ཞི་ཅིན་ཕིང་གིས་ཐོག་མར་ཀྲུང་སིའི་ཁེ་ལས་བློ་འདྲི་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས་པ་དང་ཆབས་ཅིག་ཚོགས་ཆེན་ཐེངས་དང་པོ་འཚོགས་པར་རྟེན་འབྲེལ་ཞུ་རྒྱུ་དང་། དེ་ནི་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ལས་སྟེགས་གལ་ཆེན་དང“སྟོབས་ཆེན་མཉམ་འབྲེལ་དང་ལེགས་ཆ་གསབ་རེས”ཀྱི་མཉམ་ལས་ཀྱི་རྣམ་པ་གསར་པ་ཞིག་ཡིན་ཞེས་གསུངས་ཤིང་། ཁོང་གིས་ཀྲུང་སིའི་དབར་ཕྱོགས་ཡོངས་ནས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ13རིང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་པོའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་གྲུབ་འབྲས་ཐོབ་པའི་དཔེ་མཚོན་མང་པོ་ཡོད། རྒྱལ་ཁབ་གཉིས་པོས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་དང་ལེགས་ཆ་གསབ་རེས་བྱུང་བས་ཨེ་ཤེ་ཡ་དང་ཡོ་རོབ་ཕན་ཚུན་འབྲེལ་མཐུད་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་མ་ཟད། འཛམ་གླིང་གི་དཔལ་འབྱོར་དེ་བས་སྒོ་དབྱེ་དང་། ཁོང་ཡངས། དོ་སྙོམས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཡང་སྐུལ་འདེད་གཏོང་ཐུབ། རེ་བར་སི་ཕེན་གྱིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་སྤྱི་པའི་ལས་སྟེགས་དེ་མུ་མཐུད་ཡག་པོ་སྤྱད་ནས་སི་ཕེན་རྒྱལ་ཁབ་ཀྱི་གཟུགས་བརྙན་དང་རྩེར་སོན་གྱི་ཐོན་རྫས་དང་། ལག་རྩལ། ཞབས་ཞུ་བཅས་ལེགས་པར་མངོན་ནས་ཚོང་ལས་ཀྱི་གོ་སྐབས་དེ་བས་མང་བ་ཐོབ་པ་བྱས་ཏེ། ཀྲུང་སིའི་དཔལ་འབྱོར་ཚོང་དོན་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
            ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་པོའི་ཁེ་ལས་མཁས་ཅན་གྱིས་དུས་ཡུན་རིང་པོའི་ནང་ཀྲུང་སིའི་དཔལ་འབྱོར་ཚོང་དོན་མཉམ་ལས་འཕེལ་རྒྱས་ཆེད་འབད་བརྩོན་ལྷོད་མེད་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་ཁེ་ལས་མཁས་ཅན་དང་བཟོ་ཚོང་ལས་རིགས་ཀྱི་ཐུན་མོང་འབད་འཐབ་འོག དུས་རབས་གསར་པའི་ཀྲུང་སིའི་གཉིས་ཁེ་གཉིས་ཕན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱིས་དེ་བས་འོད་ཟེར་སྟོང་ལྡན་གྱི་ལེའུ་གསར་པ་རྩོམ་ཐུབ་པ་དང་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་སྦྱིན་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
            སང་ཆེ་སིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཕེན་ལ་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་སྐབས་སི་ཀྲུང་གི་ཁེ་ལས་བློ་འདྲི་ཨུ་ཡོན་ལྷན་ཁང་འཛུགས་པའི་དུས་དང་ཏག་ཏག་འཁེལ་ཡོད། འགྱུར་ལྡོག་ཧ་ཅང་ཆེ་བའི་དུས་རབས་འདིར་སི་ཕེན་གྱིས་ཨེ་ཤེ་ཡར་དོ་ཁུར་བྱེད་ཤུགས་སྔར་བས་ཇེ་ཆེར་འགྲོ་བཞིན་ཡོད་ལ་ལྷག་པར་དུ་ཉིན་རེ་བཞིན་འཛམ་གླིང་ཕྱོགས་སུ་སྐྱོད་བཞིན་པའི་ཀྲུང་གོར་དེ་བས་དོ་ཁུར་བྱེད་བཞིན་ཡོད། ད་ཆའི་ཀྲུང་གོའི་དཔལ་འབྱོར་དང་རིག་གནས་ཚང་མར་གསོན་ཤུགས་ཆེན་པོ་ལྡན་པས་ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་དང་ཚོང་དོན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་རེད་ལ། སི་ཕེན་གྱི་ཚོང་དོན་རོགས་ཟླ་གལ་ཆེན་དང་ཕྱིར་གཏོང་བྱ་ཡུལ་གཙོ་བོའི་གྲས་ཤིག་ཀྱང་རེད། སི་ཕེན་སྲིད་གཞུང་གིས་སི་ཀྲུང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་མ་འཇོག་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ་རྒྱལ་ཁབ་གཉིས་པོའི་ཁེ་ལས་དབར་འབྲེལ་བ་ཟབ་མོ་བྱ་རྒྱུར་ཡང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"