མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅུ་གསུམ་པར་ཞུགས་པ་དང་
འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་02ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅུ་གསུམ་པར་ཞུགས་པ་དང་
འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

              མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པུ་དབྱི་ནོ་སི་ཨེ་རི་སི་ནས་ཟླ་11ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་30ཉིན་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅུ་གསུམ་པ་ཨ་ཀེན་ཐིན་གྱི་པུ་དབྱི་ནོ་སི་ཨེ་རི་སིར་འཚོགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དུས་མཚམས་དང་པོའི་ཚོགས་འདུར་ཞུགས་པ་དང་འབྲེལ་འགོ་བརྗོད་དུ《མཐོ་སར་འཛེགས་ནས་ཐག་རིང་ལ་ལྟ་བ། འཛམ་གླིང་དཔལ་འབྱོར་གྱི་ཁ་ཕྱོགས་ཡང་དག་སྟངས་འཛིན་ཐུབ་པ་བྱེད་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པས་སྒོ་དབྱེ་མཉམ་ལས་དང་། རོགས་ཟླའི་སྙིང་སྟོབས། གསར་གཏོད་སྣེ་ཁྲིད། ཀུན་ཕན་གཉིས་ཁེ་བཅས་མཐའ་འཁྱོངས་ཀྱིས་འགན་ཁུར་བའི་རྣམ་འགྱུར་གྱི་ཐོག་ནས་འཛམ་གླིང་དཔལ་འབྱོར་གྱི་ཁ་ཕྱོགས་ཆེན་པོ་སྟངས་འཛིན་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
                ས་གནས་དེ་གའི་དུས་ཚོད་ཉིན་དགུང་དུ་དབུ་ཚོགས་འགོ་ཚུགས་ཤིང་། ཨ་ཀེན་ཐིན་གྱི་ཙུང་ཐུང་མཱ་ཁེ་ལིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
             ཞི་ཅིན་ཕིང་གིས་ཁྲིད་སྟོན་རང་བཞིན་གྱི་གསུང་བཤད་གནང་ཞིང་། ཁོང་གིས་འདི་ལོ་ནི་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ཐོན་ནས་ལོ་10འཁོར་བའི་ལོ་ཞིག་རེད་ལ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་འཚོགས་ནས་ལོ་10འཁོར་བའི་ལོ་ཞིག་ཀྱང་རེད། འཛམ་གླིང་དཔལ་འབྱོར་ཧྲིལ་པོ་རྒྱུན་མཐུད་ངང་འཕར་བཞིན་ཡོད་མོད། འོན་ཀྱང་ཉམས་ཉེན་གྱི་གདིང་རྩའི་ཤུགས་རྐྱེན་སྔར་བཞིན་སེལ་ཐུབ་མེད་པ་དང་། དཔལ་འབྱོར་འཕར་བའི་འགུལ་ནུས་གསར་རྙིང་བརྗེ་སྒྱུར་བྱུང་མེད་པ། ཉེན་ཁ་སྣ་ཚོགས་མགྱོགས་མྱུར་གསོག་སྐྱིལ་ཐེབས་བཞིན་ཡོད། འཛམ་གླིང་གི་དཔལ་འབྱོར་ལ་སླར་ཡང་ལོ་རྒྱུས་རང་བཞིན་གྱི་གདམ་ག་ཞིག་འཕྲད་ཡོད་པ་རེད། རྒྱལ་ཁབ་ཉི་ཤུ་ཚོགས་པས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོའི་ཁྲོད་ནས་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ་ཁ་ཕྱོགས་ཁྲིད་སྟོན་བྱེད་དགོས། འཛམ་གླིང་གི་དཔལ་འབྱོར་ལ་གེགས་བར་འཕྲད་ནས་འཕར་ཆག་ཡང་ཡང་བྱུང་ནའང་རྒྱལ་ཁབ་ཁག་གིས་སྒོ་དབྱེའི་ཕྱོགས་སུ་སྐྱོད་པ་དང་མཉམ་འདྲེས་ཕྱོགས་སུ་སྐྱོད་པའི་འཕེལ་ཕྱོགས་ཆེན་པོར་འགྱུར་བ་བྱུང་མེད། རྒྱལ་ཁབ་ཁག་གིས་ཕན་ཚུན་ཕྱར་བ་གྲུ་འདེགས་དང་ཕན་ཚུན་ལེགས་ཆ་གསབ་རེས་བྱ་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུའི་ཕྱི་རོལ་ཡུལ་གྱི་བླང་བྱ་རེད་ལ་ཐོན་སྐྱེད་ཀྱི་འབྲེལ་བ་རིམ་འགྱུར་མཚོན་པའི་མདུན་སྐྱོད་ཀྱི་ཁ་ཕྱོགས་ཀྱང་རེད། བརྒྱུད་རིམ་དེའི་ཁྲོད་རྒྱལ་ཁབ་ཁག་ཏུ་ཁེ་ཕན་གཅིག་མཐུན་འདུས་གྲུབ་དང་། འགན་འཁྲི་གཅིག་མཐུན་འདུས་གྲུབ། ལས་དབང་གཅིག་མཐུན་འདུས་གྲུབ་བཅས་རིམ་བཞིན་ཆགས་ཡོད། ཕན་ཚུན་མཉམ་ལས་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱ་རྒྱུ་ནི་ཡང་དག་པའི་གདམ་ག་གཅིག་པུ་དེ་རེད། འགྲན་སློང་དུ་མའི་མདུན་དུ་ང་ཚོས་དགོས་གཏུག་གི་བསམ་པ་ཆེ་རུ་གཏོང་དགོས་ལ་སྟངས་འཛིན་རྒྱུན་འཁྱོངས་ཐུབ་པའང་བྱེད་དགོས་ཤིང་། མཐོ་སར་འཛེགས་ནས་ཐག་རིང་ལ་བལྟས་ཏེ། འགན་ཁུར་བའི་རྣམ་འགྱུར་གྱི་ཐོག་ནས་འཛམ་གླིང་དཔལ་འབྱོར་གྱི་ཁ་ཕྱོགས་ཆེན་པོ་སྟངས་འཛིན་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་བ་རེད།
              ཞི་ཅིན་ཕིང་གིས་འཛམ་གླིང་གི་དཔལ་འབྱོར་རྒྱུན་མཐུད་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་བྱ་རྒྱུའི་ཐུན་མོང་གི་དགོས་མཁོ་ལས་རྒྱལ་ཁབ་ཉི་ཤུ་ཚོགས་པ་བྱུང་བ་རེད། ལོ་བཅུའི་རིང་ང་ཚོས་ཕྱར་བ་གྲུ་འདེགས་དང་སེམས་ཤུགས་གཅིག་སྒྲིལ་གྱིས་འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཀྱི་གཡང་རོང་ནས་ཐར་ཐབས་བྱས་པས་སླར་གསོ་དང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། ལོ་བཅུའི་རྗེས་ང་ཚོས་སླར་ཡང་སེམས་ཤུགས་གཅིག་ཏུ་བསྒྲིལ་ཏེ། འཐབ་ཇུས་ཀྱི་མིག་རྒྱང་ཐོག་ནས་འཛམ་གླིང་གི་དཔལ་འབྱོར་ཡང་དག་ལམ་བུ་བརྒྱུད་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
              གཅིག་ནས་སྒོ་དབྱེ་མཉམ་ལས་མཐའ་འཁྱོངས་བྱས་ཏེ་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་བྱེད་དགོས། ང་ཚོས་རང་མོས་ཚོང་དོན་དང་ལམ་སྲོལ་ལ་གཞི་ཚུགས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། འཛམ་གླིང་ཚོང་དོན་རྩ་འཛུགས་ལ་དགོས་ངེས་ཀྱི་སྒྱུར་བཅོས་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་མོས་མཐུན་བྱེད་ཀྱི་ཡོད། དེའི་འགག་རྩ་ནི་སྒོ་དབྱེ་དང་། བསྟུན་མཁས། སྣང་ཆུང་མི་བྱེད་པ་སོགས་ཀྱི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ལྟེ་བའི་རིན་ཐང་དང་གཞི་རྩའི་རྩ་དོན་ལ་སྲུང་སྐྱོང་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་ཁེ་དབང་དང་སྲིད་ཇུས་ཀྱི་བར་མཐོངས་འགན་ལེན་བྱ་རྒྱུ་དེ་རེད། ཕྱོགས་ཁག་གིས་གྲོས་མོལ་རྒྱ་ཁྱབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས།
              གཉིས་ནས་རོགས་ཟླའི་སྙིང་སྟོབས་མཐའ་འཁྱོངས་བྱས་ཏེ་སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས། ཕྱོགས་ཁག་གིས་ནོར་སྲིད་དང་། དངུལ་ལོར། གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བཅས“ཕྱོགས་གསུམ་གཞི་གཅིག”གི་སྲིད་ཇུས་བྱེད་ཐབས་མཐའ་འཁྱོངས་བྱས་ཏེ་འཛམ་གླིང་དཔལ་འབྱོར་སྟོབས་ཆེ་དང་། དོ་སྙོམས། རྒྱུན་མཐུད་ཐུབ་པ། བསྟུན་མཁས་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་གྱིས་དངུལ་ལོར་དང་ནོར་སྲིད་ཀྱི་སྲིད་ཇུས་ལག་ལེན་བསྟར་སྐབས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དེ་བས་དོ་ཁུར་བྱེད་དགོས་པ་མ་ཟད། དེ་དག་ལ་རྡབ་རྡེག་ཕོག་ཤུགས་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། རྒྱལ་སྤྱིའི་དངུལ་ལོར་མ་ལག་གིས་མུ་མཐུད་སྣ་མང་ཅན་གྱི་ཕྱོགས་སུ་བསྐྱོད་ནས་དེ་བས་སྲ་ཞིང་བརྟན་པའི་གོ་ལ་ཧྲིལ་པོའི་དངུལ་རྩའི་བདེ་འཇགས་དྲ་བ་འཛུགས་དགོས།
             གསུམ་ནས་གསར་གཏོད་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་འཕར་བའི་སྒུལ་ཤུགས་སྔོག་འདོན་བྱེད་དགོས། ང་ཚོས་གསར་གཏོད་ལ་ལྕག་སྐུལ་བྱས་ཏེ་གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་ཆབས་ཅིག ལག་རྩལ་གསར་པ་བཀོལ་སྤྱོད་ལས་བྱུང་བའི་ཉེན་ཁ་དང་འགྲན་སློང་ལ་དོ་ཁུར་བྱས་ཏེ་ལམ་ལུགས་དང་བཅའ་ཁྲིམས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་སློབ་གསོ་དང་ལས་ཞུགས་གསོ་སྦྱོང་ལ་མཐོང་ཆེན་བྱེད་དགོས། ང་ཚོས་རང་ངོས་འཕེལ་རྒྱས་ལ་གཞི་འཛུགས་དགོས་ལ་སྒོ་མོ་འབྱེད་རྒྱ་ཡང་ཆེ་རུ་གཏོང་དགོས་ཤིང་། ལག་རྩལ་གསར་པ་དང་ཤེས་བྱ་གསར་པ་བརྒྱུད་སྤེལ་ལ་ལྕག་སྐུལ་བྱས་ཏེ་གསར་གཏོད་ལ་བརྟེན་ནས་རྒྱལ་ཁབ་དང་མི་དམངས་དེ་བས་མང་བར་བདེ་སྐྱིད་སྐྲུན་དགོས། རྒྱལ་ཁབ་ཉི་ཤུ་ཚོགས་པར“ལག་རྩལ་གསར་པ་བཀོལ་སྤྱོད་དང་དེའི་ཤུགས་རྐྱེན”དེ་གཙོ་གནད་ལས་དོན་ཞིག་ཏུ་བརྩིས་ནས་ཞིབ་འཇུག་གཏིང་ཟབ་བྱས་ཏེ་མཉམ་ལས་ཀྱི་བསམ་ཕྱོགས་དང་བྱེད་ཐབས་འཚོལ་ཞིབ་ནན་ཏན་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན།
              བཞི་ནས་ཀུན་ཕན་གཉིས་ཁེ་མཐའ་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོ་བསྟུན་མཁས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་མི་དམངས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས། འཕེལ་རྒྱས་ཀྱི་གནད་དོན་དེ་མུ་མཐུད་གོ་ལ་ཧྲིལ་པོའི་སྤྱི་ཁོག་སྲིད་ཇུས་སྤྱད་ནས་མཐུན་སྦྱོར་བྱེད་པའི་མངོན་གསལ་དོད་སར་བཞག་སྟེ་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ཡག་པོ་བྱེད་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་ཁེ་ཕན་དང་བར་མཐོངས་ལ་སྲུང་སྐྱོང་བྱེད་དགོས་ཤིང་། ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་བྱེད་པ་དང་། ཨ་ཧྥེ་རི་ཁར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་རོགས་བྱེད་པ། མཉམ་འབྲེལ་མཉམ་མཐུད་ཡོང་རོགས་བྱེད་པ་བཅས་བྱས་ནས་བཟོ་ལས་ཅན་གསར་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས།
              ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་རེད། ལོ་40ཡི་རིང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་འོག་ཀྲུང་གོའི་མི་དམངས་ཀྱིས་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོས་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་བཟང་པོའི་རྨང་གཞིའི་འོག་རེས་སྐོར་གསར་པའི་སྒྱུར་བཅོས་སྒོ་དབྱེར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ། ཁྲོམ་ར་ཅན་གྱི་སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་རྒྱུ་དང་། རྒྱུ་ནོར་གྱི་བདག་དབང་དང་ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་བྱ་རྒྱུ། འདྲ་མཉམ་འགྲན་རྩོད་ལ་ལྕག་སྐུལ་བྱ་རྒྱུ། རང་འགུལ་ངང་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་བཅས་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་གིས་རང་དབང་དང་། སྒོ་དབྱེ། བསྟུན་མཁས། རིམ་ལྡན་བཅས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་གྱི་ཁོར་ཡུག་ཆེན་པོ་ཐུན་མོང་ཐོག་གཏོད་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
                ཚོགས་ཞུགས་འགོ་ཁྲིད་མི་སྣ་མང་པོ་ཞིག་གིས་མིག་སྔར་འཛམ་གླིང་གི་དཔལ་འབྱོར་མུ་མཐུད་སྤྱི་ཡོངས་ནས་འཕར་མོད། འོན་ཀྱང་འཕེལ་རྒྱས་འགྲོ་འགོར་བ་གང་ཞིག་སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་པའི་རིང་ལུགས་ཀྱི་གནད་དོན་ཐོན་ཚབས་ཆེ་རུ་སོང་བས་འཛམ་གླིང་དཔལ་འབྱོར་ལ་ཉེན་ཁ་འཕྲད་ཤུགས་ཆེ་རུ་སོང་ཡོད། དེས་ན་ཕྱོགས་ཁག་གིས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཁོག་སྲིད་ཇུས་སྤྱད་ནས་མཐུན་སྦྱོར་བྱ་རྒྱུ་དང་། གྲུབ་ཆ་སྒྱུར་བཅོས་བྱ་རྒྱུ། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ། ཚོང་དོན་དང་མ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ། སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྒྲིག་བྱེད་སྟངས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་འཛམ་གླིང་དཔལ་འབྱོར་སྟོབས་ཆེ་དང་། རྒྱུན་མཐུད། དོ་སྙོམས། བསྟུན་མཁས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
             “དྲང་སྙོམས་དང་རྒྱུན་མཐུད་ཀྱི་འབྱུང་འགྱུར”སྐོར་གྱི་གྲོས་གཞིར་གྲོས་བསྡུར་གནང་སྐབས། ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དཔལ་འབྱོར་གྱི་གཞི་ཁྱོན་དེ་འཛམ་གླིང་དཔལ་འབྱོར་སྤྱི་འབོར་གྱི་80%ལས་བརྒལ་ཡོད། ང་ཚོ་ཁོངས་མི་ཚང་མའི་དཔལ་འབྱོར་མུ་མཐུད་བརྟན་པོ་དང་འཕེལ་རྒྱས་བྱུང་ན་འཛམ་གླིང་གི་དཔལ་འབྱོར་བརྟན་པོ་དང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་ཐུབ་རྒྱུ་རེད། ང་ཚོ་ཚང་མས་འཛམ་གླིང་གི་དཔལ་འབྱོར་ལ་དྲང་ནུས་བསྣན་ཏེ་འབྲེལ་ཡོད་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་ཕན་མེད་ཕྱིར་འཐོར་ནུས་འབྲས་ཆུང་དུ་བཏང་ནས་ཐུན་མོང་འཕེལ་རྒྱས་འགྲོ་བའི་འཁོར་རྒྱུག་ཡག་པོ་ཞིག་ཡོང་རྒྱུར་གཞོལ་དགོས། རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་དང་། ལུགས་མཐུན་གཏུག་བཤེར། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་བཅས་ལ་སྲུང་སྐྱོང་བྱེད་པའི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་འགྱུར་བ་སྤུ་ཙམ་ཡང་མེད། དེ་དང་ཆབས་ཅིག་ང་ཚོས་དགེ་མཚན་ལྡན་པའི་རྣམ་འགྱུར་གྱི་ཐོག་ནས་ཕྱོགས་ཁག་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལྟ་བ་མི་མཐུན་པའི་ཆ་གྲོས་མོལ་གྱིས་ཐག་གཅོད་བྱེད་འདོད་ཡོད། ཚང་མས་རོགས་ཟླའི་སྙིང་སྟོབས་དར་སྤེལ་བཏང་སྟེ་འདྲ་མཉམ་གྲོས་མོལ་དང་ཕན་ཚུན་བསམ་ཤེས་བྱས་ཚེ། ཐག་གཅོད་མི་ཐུབ་པའི་གནད་དོན་གཅིག་ཀྱང་མེད་ལ་བློ་ཡིད་ཚིམ་པའི་གྲུབ་འབྲས་ཤིག་ཀྱང་ཐོབ་རྒྱུ་ཡིན་པ་ང་ལ་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
              དབུ་ཚོགས་མ་འཚོག་གོང་ཚོགས་ཞུགས་འགོ་ཁྲིད་མི་སྣ་ཚོས་ལྷན་བཞུགས་སྐུ་པར་བསྐྱོན་པ་རེད།

༄༅།།ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅུ་གསུམ་པར་ཞུགས་པ་དང་
འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

  
style="display:none;"