མི་དམངས་ཉིན་རེའི་ཚགས་པར་ཁང་གྲོང་ཁྱེར་པུ་དབྱི་ནོ་སི་ཨེ་རི་སི་ནས་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་དབྱི་ནོ་སི་ཨེ་རི་སིར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཕྱིན་པ་དེ་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་དང་མཐུན་ཡོད་པས་ཤུགས་ཆེའི་ནང་གནས་ཀྱི་སྒུལ་ཤུགས་དང་མདུན་ལམ་རྒྱ་ཆེན་པོ་ཡོད། འདི་ལོ་ཚུན་དུ། ཀྲུང་ཨུ་ཕྱོགས་གཉིས་པོས་འབད་བརྩོན་བྱས་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གསར་པ་རབ་དང་རིམ་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། ཕྱི་ལོ་ནི་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་པ་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་གཙོ་རྐང་དུ་འགྱུར་རྒྱུ་ཡིན་པས་སྐབས་དེ་དུས་གཟབ་ཅིང་རྒྱས་ལ་སྤྲོ་སེམས་འཁོལ་བ་དང་སྣ་མང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་མཛད་སྒོ་གཉེར་ཏེ་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་མཛུབ་སྟོན་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་ཕྱོགས་གཉིས་པོའི་གཙོ་བདག་ལོ་འཁོར་ནང་ཕན་ཚུན་འཚམས་འདྲི་བྱེད་པའི་སྲོལ་རྒྱུན་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་སྣེ་ཁྲིད་འོག་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་འགྲོ་ངེས་རེད། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་སྦྲེལ་མཐུད་ཐུབ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཚོང་དོན་དང་། དངུལ་རྩ། ནུས་རྒྱུ། ཚན་རྩལ་སོགས་ཀྱི་མཉམ་ལས་ཟབ་ཏུ་གཏོང་དགོས། ཚོང་དོན་རང་མོས་ཅན་དང་སྟབས་བདེ་ཅན་ལ་རྒྱབ་སྐྱོར་བྱས་ནས་སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཕུའུ་ཅིང་གིས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་མཐོ་རིམ་དབར་འགྲོ་འོང་དམ་ཟབ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད། མིག་སྔར། ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཕྱོགས་གཉིས་པོའི་ཚོང་དོན་མགྱོགས་མྱུར་འཕར་བ་དང་། བཟོ་སྐྲུན་ལས་རིགས་དང་། མཐོ་རིམ་ཚན་རྩལ། ཞིང་ལས་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བརྟན་པོ་ཐེབས་པ། རྣམ་གྲངས་ཆེན་པོ་བདེ་བླག་ངང་ལག་བསྟར་ཐུབ་པ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་ནུས་ལྡན་ཐུབ་པ་བཅས་བྱུང་ཡོད་ཅེས་གསུངས་པ་རེད།
ད་དུང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་སྤེལ་རེས་གནང་བ་རེད།
|