མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཀྲུང་གོ་དང་། ཨུ་རུ་སུ། རྒྱ་གར་བཅས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་མཇལ་འཛོམས་ལ་ཞུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་03ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

             ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་དབྱི་ནོ་སི་ཨེ་རི་སི་ནས་ཟླ་12ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་30ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་དབྱི་ནོ་སི་ཨེ་རི་སིར་ཀྲུང་གོ་དང་། ཨུ་རུ་སུ། རྒྱ་གར་བཅས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་མཇལ་འཛོམས་ལ་ཞུགས་པ་དང་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་། རྒྱ་གར་གྱི་ཙུང་ལི་མོ་ཏི་དབར་དུས་བབ་གསར་པའི་འོག་གི་ཀྲུང་གོ་དང་། ཨུ་རུ་སུ། རྒྱ་གར་བཅས་ཀྱི་མཉམ་ལས་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད། རྒྱལ་ཁབ་གསུམ་པོའི་འགོ་ཁྲིད་པས་ཕྱོགས་གསུམ་གྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གསུམ་གྱི་ངོས་འཛིན་གཅིག་མཐུན་གཅིག་སྡུད་བྱེད་པ། ཕྱོགས་གསུམ་གྱི་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ནས་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།
             ཞི་ཅིན་ཕིང་གིས་ཀྲུང་གོ་དང་། ཨུ་རུ་སུ། རྒྱ་གར་བཅས་ཚང་མ་ནི་ཤུགས་རྐྱེན་ཐེབས་ཤུགས་ཆེ་བའི་རྒྱལ་ཁབ་ཆེན་པོ་ཡིན་ལ་ཕན་ཚུན་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླ་གལ་ཆེན་ཡང་རེད། རྒྱལ་ཁབ་གསུམ་པོར་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་དང་འཕེལ་རྒྱས་ཀྱི་དམིགས་ཚད་གཅིག་མཚུངས་ཡིན་པས་ས་ཁུལ་དང་འཛམ་གླིང་གི་འབྱུང་འགྱུར་ཐད་འགན་འཁྲི་གལ་ཆེན་ཁུར་དགོས་ཀྱི་ཡོད། དེང་གི་དུས་བབ་འོག་ཀྲུང་གོ་དང་། ཨུ་རུ་སུ། རྒྱ་གར་བཅས་རྒྱལ་ཁབ་གསུམ་གྱིས་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བ་དང་མཉམ་ལས་དམ་ཟབ་བྱས་ཏེ་འཛམ་གླིང་གི་གནས་བབ་ལ་འགྱུར་ལྡོག་འགྲོ་བའི་ཁྲོད་དེ་བས་གལ་ཆེ་བའི་བརྟན་པོའི་རང་བཞིན་དང་གཏན་འཁེལ་རང་བཞིན་གྱི་སྟོབས་ཤུགས་སུ་འགྱུར་བ་བྱེད་དགོས་ཞེས་བསྟན་གནང་བ་རེད།
            ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་རིང་། རྒྱལ་ཁབ་གསུམ་པོས་སྒོ་དབྱེ་དང་། མཐུན་སྒྲིལ། ཕན་ཚུན་བསམ་ཤེས། ཕན་ཚུན་ཡིད་ཆེས་བཅས་བྱེད་པའི་སྙིང་སྟོབས་ལ་དམིགས་ནས་ཕྱོགས་གསུམ་དབར་གླེང་མོལ་དང་མཉམ་ལས་ཧུར་ཐག་བྱས་པར་འཕེལ་རྒྱས་གལ་ཆེན་བྱུང་ཡོད། འགྲན་སློང་གསར་པའི་མདུན་དུ་ང་ཚོས་ཀྲུང་གོ་དང་། ཨུ་རུ་སུ། རྒྱ་གར་བཅས་ཀྱི་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་དགོས་པ་དང་ཀྲུང་གོ་དང་། ཨུ་རུ་སུ། རྒྱ་གར་བཅས་གསུམ་གྱིས་རྒྱལ་སྤྱིའི་འབྲེལ་བ་གསར་པ་དར་སྤེལ་བཏང་ནས་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་སྟེ་མཉམ་རོགས་བྱེད་པ་ལས་མནའ་འབྲེལ་མི་བྱེད་པར་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཁོར་རྒྱུག་བཟང་པོ་དང་མཉམ་ལས་གཉིས་ཁེ་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཉི་ཤུ་ཚོགས་པ་དང་། འབོ་གསེར་རྒྱལ་ཁབ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་གལ་ཆེའི་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་དང་། ཨུ་རུ་སུ། རྒྱ་གར་བཅས་ཀྱིས་ཚོང་དོན་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་བཏང་སྟེ་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་ལ་སྐུལ་འདེད་གཏོང་བ་དང་། དར་ཆ་གསལ་སྟོན་གྱིས་སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ་བྱེད་པ། ཕྱོགས་མང་གི་ཚོང་དོན་སྒྲིག་སྲོལ་ལ་ཐུན་མོང་ཐོག་སྲུང་སྐྱོབ་བཅས་བྱས་ཏེ་གསར་དར་དཔལ་འབྱོར་སྒྲིག་གཞི་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་གནང་བ་རེད།
             ཕུའུ་ཅིང་གིས་ཀྲུང་གོ་དང་། ཨུ་རུ་སུ། རྒྱ་གར་བཅས་གསུམ་ནི་ཕན་ཚུན་མཛའ་གྲོགས་རྒྱལ་ཁབ་ཡིན་པ་དང་། ཕན་ཚུན་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་འབྲེལ་བ་བཟང་པོ་འཕེལ་རྒྱས་བཏང་ཡོད། དེང་སྐབས་འཛམ་གླིང་གི་དུས་བབ་འོག ཀྲུང་གོ་དང་། ཨུ་རུ་སུ། རྒྱ་གར་བཅས་ཀྱིས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དེ་རྒྱལ་ཁབ་གསུམ་པོའི་རང་ངོས་ཀྱི་ཁེ་ཕན་དང་མཐུན་ལ་འཛམ་གླིང་ལའང་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད་ཅེས་གསུངས་པ་རེད།
             མོ་ཏིས་ངེད་རྒྱལ་ཁབ་གསུམ་པོས་དེང་སྐབས་འཛམ་གླིང་ལ་འཕྲད་པའི་གནད་དོན་གཙོ་བོར་དམིགས་ནས་གྲོས་བསྡུར་བྱེད་པར་གལ་འགངས་ཧ་ཅང་ཆེན་པོ་ཡོད། ཀྲུང་གོ་དང་། ཨུ་རུ་སུ། རྒྱ་གར་བཅས་གསུམ་ནི་འཛམ་གླིང་གི་རྒྱལ་ཁབ་གཙོ་བོ་ཡིན་པས་འབྲེལ་གཏུག་དམ་ཟབ་བྱེད་པའི་འགན་འཁྲི་ཡོད་ཅིང་། རྒྱལ་སྤྱི་དང་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་པ། འགྲན་སློང་གསར་པ་མཉམ་དུ་བསུ་བ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས་ཞེས་གསུངས་པ་རེད།
             རྒྱལ་ཁབ་གསུམ་པོའི་འགོ་ཁྲིད་པས་ཀྲུང་གོ་དང་། ཨུ་རུ་སུ། རྒྱ་གར་བཅས་ཀྱི་མཉམ་ལས་སྒྲིག་སྲོལ་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུར་མོས་མཐུན་གཅིག་མཚུངས་གནང་བ་རེད།

  
style="display:none;"