མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་04ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་མཇལ་འཛོམས་གནང་བ།

               ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་དབྱི་ནོ་སི་ཨེ་རི་སི་ནས་ཟླ་12ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་1ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་པུ་དབྱི་ནོ་སི་ཨེ་རི་སིར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དགོང་མོའི་གསོལ་ཚིགས་མཆོད་པ་དང་འབྲེལ་མཇལ་འཛོམས་ཀྱང་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལྷག་བསམ་དང་མཛའ་གྲོགས་ཀྱི་རྣམ་པའི་ཁྲོད་ཀྲུང་ཨའི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱིའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བར་བརྟེན། ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་རེད། ཕྱོགས་གཉིས་པོས་གཉིས་ཕན་གཉིས་ཁེའི་རྨང་གཞིའི་ཐོག་མཉམ་ལས་རྒྱ་ཆེར་གཏོང་བ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་ཐོག་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་བྱས་ནས་ཐུན་མོང་ཐོག་མཐུན་སྦྱོར་དང་། མཉམ་ལས། བརྟན་ལྷིང་བཅས་སྤྱིའི་དགོངས་གཞིར་བྱས་པའི་ཀྲུང་ཨའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་བ་རེད།
              ཞི་ཅིན་ཕིང་གིས་ཀྲུང་ཨས་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཐུན་མོང་གི་འགན་འཁྲི་གལ་ཆེན་འཁུར་ཡོད། ཀྲུང་ཨའི་འབྲེལ་བ་བཟང་པོ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་རེ་སྒུག་ཅིག་ཀྱང་རེད། མཉམ་ལས་ནི་ཀྲུང་ཨ་ཕྱོགས་གཉིས་པོའི་གདམ་ག་ཡག་ཤོས་དེ་རེད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོར་སྟངས་འཛིན་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་སྐྱོན་བྲལ་དང་འཕེལ་རྒྱས་བརྟན་པོར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་དེ་བས་མང་ལ་དེ་བས་ལེགས་པའི་བདེ་སྐྱིད་སྐྲུན་དགོས་ཞེས་གསུངས།
             ཐེ་རོན་ཕུ་དང་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གདེང་འཇོག་གནང་ཞིང་། ཐེ་རོན་ཕུས་ཨ་ཀྲུང་གི་འབྲེལ་བ་ནི་ཧ་ཅང་དམིགས་བསལ་དང་གལ་ཆེན་ཞིག་རེད། ང་ཚོ་རྒྱལ་ཁབ་གཉིས་པོ་ནི་འཛམ་གླིང་ལ་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་ཡིན་པས། ཕྱོགས་གཉིས་པོས་མཉམ་ལས་ཀྱི་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱེད་པ་ནི་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་ཕན་ཐོགས་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་གྲོས་མོལ་བྱས་པ་བརྒྱུད། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཟབ་ཏུ་གཏོང་བ་དང་འབྲེལ། ཕྱོགས་གཉིས་པོར་ལྷག་པའི་གནད་དོན་ལ་ཕྱོགས་གཉིས་ཀར་ཕན་པའི་ཐག་གཅོད་བྱ་ཐབས་གྲོས་བསྡུར་ཧུར་ཐག་བྱེད་ཀྱི་ཡིན་ཞེས་བཤད།
            རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མུ་མཐུད་བྱེད་ཐབས་སྣ་ཚོགས་སྤྱད་དེ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ནས། ཐུན་མོང་ཐོག་ཀྲུང་ཨའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་པའི་མོས་མཐུན་གནང་བ་རེད། ཕྱོགས་གཉིས་པོས་དུས་འཚམ་པ་ཞིག་ལ་སླར་ཡང་ཕན་ཚུན་འཚམས་འདྲི་གནང་རྒྱུ་རེད། ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་གི་གླེང་མོལ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། སློབ་གསོ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་རྒྱུའི་མོས་མཐུན་གནང་བ་རེད།
            ཐེ་རོན་ཕུས་ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་སློབ་མ་ཨ་རིར་སློབ་སྦྱོང་ལ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད། ཕྱོགས་གཉིས་པོས་བྱ་སྤྱོད་ཧུར་ཐག་སྤེལ་ནས་ཧྥེན་ཐེ་ཉི་རིགས་ཀྱི་དངོས་རྫས་ལ་དོ་དམ་ཚོད་འཛིན་ཚུད་པའི་ཁྲིམས་འཛིན་དང་དུག་འགོག་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་གནང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ད་བར་སྤྱད་པའི་བྱ་ཐབས་ལ་ཨ་རི་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གདེང་འཇོག་གང་ལེགས་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥེན་ཐེ་ཉིའི་རིགས་ཀྱི་དངོས་རྫས་ལ་ལེགས་སྒྲིག་དོ་དམ་བྱ་རྒྱུ་ཡིན་པ་མ་ཟད། འབྲེལ་ཡོད་ཁྲིམས་སྲོལ་གྱི་ལེགས་སྒྲིག་ལས་དོན་སྤེལ་རྒྱུའི་ཐག་བཅད་པ་རེད།
             དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཐད། ཞི་ཅིན་ཕིང་གིས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་ཤོས་གཉིས་ཡིན་པའི་ཀྲུང་ཨའི་དབར་དཔལ་འབྱོར་ཚོང་དོན་འགྲོ་འོང་ཧ་ཅང་ཟབ་པ་དང་ཕན་ཚུན་གཅིག་ལ་གཅིག་རྟེན་རེད། ཕྱོགས་གཉིས་པོའི་དབར་དཔལ་འབྱོར་ཚོང་དོན་གྱི་ཁྱབ་ཁོངས་ཐད་ལྷག་པའི་འགལ་ཟླ་ཁ་ཤས་ནི་རྒྱུན་གཏན་ཞིག་རེད། འགག་རྩ་ནི་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཁེའི་རྣམ་འགྱུར་ནས་དོ་དམ་ཚོད་འཛིན་འོས་འཚམ་བྱེད་པ་དང་འབྲེལ། ཕྱོགས་གཉིས་པོས་དང་ལེན་ཐུབ་པའི་ཐག་གཅོད་བྱེད་ཐབས་འཚོལ་དགོས་ཞེས་ནན་བཤད་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ལ་དགེ་མཚན་ལྡན་ལ་གྲུབ་འབྲས་ལྡན་པའི་གྲོས་བསྡུར་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་ཐུན་མོང་གི་ངོས་འཛིན་བྱུང་སྟེ། སྒོ་ཁྲལ་གསར་པ་བསྡུ་མཚམས་འཇོག་རྒྱུ་དང་འབྲེལ། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོགས་པས་མགྱོགས་མྱུར་གྲོས་མོལ་བྱས་ཏེ། སྒོ་ཁྲལ་ཐོལ་པ་ཚང་མ་མེད་པར་བཟོ་བའི་ཕྱོགས་སུ་སྐྱོད་པ་དང་གཉིས་ཁེ་གཉིས་ཕན་གྱི་ཞིབ་ཕྲའི་གྲོས་མཐུན་འཇོག་དགོས་པའི་སྐོར་བཏོན་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་རེས་སྐོར་གསར་པའི་སྒྱུར་བཅོས་སྒོ་དབྱེའི་བརྒྱུད་རིམ་དང་། དེ་བཞིན་རྒྱལ་ནང་གི་ཁྲོམ་ར་དང་མི་དམངས་ཀྱི་དགོས་མཁོ་གཞིར་བཟུང་། ཁྲོམ་རའི་སྒོ་མོ་འབྱེད་པ་དང་ནང་འདྲེན་བྱེད་རྒྱ་ཆེ་རུ་བཏང་ནས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་ཀྱི་འབྲེལ་ཡོད་གནད་དོན་གྱི་ཞི་ལྷོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཕྱོགས་གཉིས་པོའི་དབར་བཞག་པའི་གཉིས་ཁེ་གཉིས་ཕན་གྱི་ཞིབ་ཕྲའི་གྲོས་མཐུན་ནི་ཀྲུང་གོ་ཕྱོགས་ཀྱིས་ཨ་རིར་དགེ་མཚན་ལྡན་པའི་བྱ་སྤྱོད་སྤེལ་བའི་རྨང་གཞི་དང་སྔོན་འགྲོ་རེད། ཕྱོགས་གཉིས་པོས་ཐུན་མོང་འབད་བརྩོན་བརྒྱུད་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་མགྱོགས་མྱུར་རྒྱུན་གཏན་གྱི་ལམ་བུར་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ་མཉམ་ལས་གཉིས་ཁེ་མངོན་འགྱུར་བྱ་རྒྱུ་ཡིན་ཞེས་བརྗོད།
             ཞི་ཅིན་ཕིང་གིས་ཐའེ་དབན་གྱི་གནད་དོན་ཐད་ཀྱི་ཀྲུང་གོ་སྲིད་གཞུང་གི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་གནང་བ་རེད། ཨ་རི་ཕྱོགས་ཀྱིས་ཨ་རི་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པའི་རྣམ་འགྱུར་བསྟན་པ་རེད།
            རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཁྲའོ་ཞན་ཕྱེད་གླིང་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཁྲའོ་འགོ་ཁྲིད་སླར་ཡང་ཐུག་འཕྲད་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཨ་ཁྲའོ་ཕྱོགས་གཉིས་པོ་ཁ་ཕྱོགས་གཅིག་ཏུ་བསྐྱོད་རྒྱུ་དང་། ལུགས་མཐུན་དོ་ཁུར་ལ་ཕན་ཚུན་ལྟ་རྟོག་བྱེད་པ་དང་འབྲེལ། ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་རྦད་དེ་མེད་པ་དང་ཕྱེད་གླིང་གི་ཞི་བདེའི་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོས་དགེ་མཚན་ལྡན་པའི་ནུས་པ་བཏོན་པར་བསྔགས་བརྗོད་བྱས་པ་དང་ཀྲུང་གོ་ཕྱོགས་དང་དེའི་ཐད་འབྲེལ་གཏུག་དང་མཐུན་སྦྱོར་རྒྱུན་འཁྱོངས་བྱེད་པའི་རེ་བ་བཏོན།
            རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་ཐེངས་ཀྱི་མཇལ་འཛོམས་ལ་གྲུབ་འབྲས་ཐོབ་པའི་ངོས་འཛིན་གནང་བ་དང་འབྲེལ། ཕྱོགས་གཉིས་པོས་མུ་མཐུད་འབྲེལ་བ་ཟབ་མོ་རྒྱུན་འཁྱོངས་བྱེད་པའི་མོས་མཐུན་ཡང་གནང་བ་རེད།

  
style="display:none;"