མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཞིང་ཆེན(རང་སྐྱོང་ལྗོངས)སྲིད་གཞུང་འགའ་ཞིག་གི་འགན་འཁུར་བ་གཙོ་ བོའི་དཔལ་འབྱོར་དུས་བབ་སྐོར་
གྱི་བཞུགས་མོལ་ཚོགས་འདུའི་ཐོག་དངོས་འཛིན་དངོས་སྒྲུབ་དང་དཀའ་སྤྱད་མདུན་སྐྱོད་ཀྱིས་ཀྲུང་གོའི་དཔལ་འབྱོར་
འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གཏིང་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་05ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

          ཤིན་ཧྭ་གསར་འགྱུར་ཁང་ནན་ཅིང་ནས་ཟླ་12ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཅང་སུའུ་ནན་ཅིང་དུ་ཞིང་ཆེན(རང་སྐྱོང་ལྗོངས)སྲིད་གཞུང་འགའ་ཞིག་གི་འགན་འཁུར་བ་གཙོ་བོའི་དཔལ་འབྱོར་དུས་བབ་སྐོར་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་མིག་སྔའི་དཔལ་འབྱོར་དུས་བབ་དང་ཕྱི་ལོའི་འཕེལ་རྒྱས་སྐོར་གྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད།
            ལི་ཁེ་ཆང་གིས་འདི་ལོ་ཤར་ཚུན། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། བརྟན་ཐོག་ཡར་འཕེལ་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་བརྟན་པོའི་ངང་འཕར་རྒྱུ་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ། གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ། དམངས་འཚོར་ཕན་འདོགས་རྒྱུ། ཉེན་ཁ་འགོག་རྒྱུ་བཅས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་བྱས་པ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་འགྲན་སློང་སྣ་ཚོགས་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་མངོན་གསལ་དོད་པོའི་ངང་མང་དུ་འགྲོ་བའི་གནས་ཚུལ་ལ་གཞིགས་ཏེ། དམིགས་སའི་རང་བཞིན་གྱི་བྱེད་ཐབས་སྣ་ཚོགས་དུས་ཐོག་ཏུ་སྤྱད་པས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ཁྲོད་དཔལ་འབྱོར་མུ་མཐུད་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ་དང་བརྟན་པའི་ཁྲོད་དུ་འཕར་ནས་ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་གཙོ་བོ་དེ་བས་ལེགས་པའི་སྒོ་ནས་ལེགས་འགྲུབ་ཡོང་རྒྱུ་ཡིན་མོད། འོན་ཏེ་མིག་སྔའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་རྙོག་འཛིང་ཆེ་བ་དང་། དཔལ་འབྱོར་ཉམས་ཆག་གི་གནོན་ཤུགས་ཆེ་བ། ས་ཁུལ་གྱི་འཕེལ་ཕྱོགས་མི་འདྲ་བ་བཅས་ཀྱང་མཐོང་བ་བྱས་ནས་དཀའ་ངལ་དང་འགལ་བ་ཚོད་དཔག་གང་ལེགས་ཐུབ་པ་བྱེད་དགོས། ངེས་པར་དུ་དུས་བབ་དང་གནད་དོན་ལ་དབྱེ་ཞིབ་གསལ་པོ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་གཏིང་ཟབ་ཏུ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། བློ་གཅིག་སེམས་གཅིག་གིས་རང་ཉིད་ཀྱི་བྱ་བ་ལེགས་པར་སྒྲུབ་པ། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གཏིང་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པར་བྱེད་པ་བཅས་བྱས་ནས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
              ལི་ཁེ་ཆང་གིས་སྤྱི་ཁོག་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཁྲོམ་རའི་བྱེད་པོའི་དགོས་མཁོར་གཞིགས་ཏེ་སྲིད་ཇུས་དུས་ཐོག་ཏུ་འཐུས་སྒོ་ཚང་དུ་གཏོང་བ་དང་། བྱེད་ཤུགས་དང་བྱེད་སྟངས་འཚམ་པོ་ཡོང་བར་བྱེད་པ། གནད་ལ་འཁེལ་པོས་སྔོན་ནས་ལེགས་སྒྲིག་དང་ལེགས་སྒྲིག་ཆུང་ངུ་བཅས་བྱས་ནས་ཁྲོམ་རར་སྔོན་དཔག་བྱས་པ་བཞིན་བརྟན་པོ་ཡོང་བའི་ཁྲིད་སྟོན་བྱེད་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱ་རྒྱུ་མུ་མཐུད་གཙོ་རྐང་དུ་བཟུང་ཁར། བཟོ་སྐྲུན་ལས་རིགས་དང་། ཞབས་ཞུའི་ལས་རིགས། ལྷག་པར་དུ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང་དམངས་གཉེར་ཁེ་ལས་སོགས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱ་རྒྱུ་དམ་པོར་དམིགས་ཏེ། ཕྱོགས་ཁག་གི་བསམ་འཆར་རྒྱ་ཁྱབ་ཏུ་ཉན་ནས་ཁྲལ་རིན་གཉིས་གཅོག་གི་བྱེད་ཐབས་ལག་བསྟར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས། ནང་མཁོ་འོས་འཚམ་ངང་རྒྱ་ཆེར་གཏོང་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་དགོས་མཁོ་དང་འཚམ་པ་བྱེད་ལ་ཆེ་རུའང་གཏོང་བ། འཛད་སྤྱོད་མཁོ་སྤྲོད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་དེ་བས་ཆེན་པོ་ཐོན་ཐབས་བྱེད་དགོས།
             ཞན་ཆ་ཁ་གསབ་དང་། གྲུབ་ཆ་ལེགས་སྒྲིག གཏིང་ཤུགས་ཆེར་གཏོང་བཅས་ལ་དམིགས་ཏེ་མ་དངུལ་འཇོག་རྒྱ་ཆེ་རུ་ནུས་ལྡན་གཏོང་བ་དང་། སྲིད་གཞུང་གི་མ་དངུལ་སྤྱོད་འབྲས་ཆེ་རུ་གཏོང་བ། དམངས་ཁྲོད་མ་དངུལ་འཇོག་འཐུས་ཚད་གཞི་དམའ་རུ་གཏོང་བ། སྤྱི་ཚོགས་ཀྱི་མ་དངུལ་འཇོག་ཤུགས་ལ་སྣེ་ཁྲིད་ཀྱིས་ཆེ་རུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་ལྡན་ཞིང་ཆ་རྐྱེན་འཛོམས་པའི་རྣམ་གྲངས་ཆེ་རིགས་དུས་ཚོད་དམ་འཛིན་གྱིས་འཛུགས་སྐྲུན་བཅས་བྱས་ནས་ཕན་འབྲས་མགྱོགས་ནས་མྱུར་དུ་ཐོན་པར་བྱེད་དགོས། རིམ་ཁག་སྲིད་གཞུང་གིས་ལས་ཞུགས་མངོན་གསལ་དོད་པའི་གནས་བབ་ཐོག་སྔོན་ལ་འཇོག་དགོས། ལས་ཞུགས་ཐུབ་ན་རྒྱུ་ནོར་འཕེལ་ཐུབ་ལ་སྤྱི་ཚོགས་བརྟན་ལྷིང་དང་འཕེལ་རྒྱས་ཡོང་ཐུབ། རང་སར་མི་བཞག་ནས་ཁྲོམ་རའི་བྱེད་པོར་བསམ་གཞིག་བྱས་ཏེ། གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྟབས་བདེ་ལ་ཕན་འབྲས་ཆེ་བ་དང་། བརྟན་ལ་ཁ་གསལ་བ། གཞུང་དྲང་ལ་འགྲན་རྩོད་ལྡན་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཅིག་གཏོད་རྒྱུ་ནི་དཔལ་འབྱོར་ཐད་ཀྱི་དཀའ་ངལ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ཐབས་མཆོག་ཅིག་རེད། ཀྲུང་གོར་ཕུན་སུམ་ཚོགས་པ་དང་། ལས་ལ་བརྩོན་པ། བློ་གྲོས་ལྡན་པ་བཅས་ཀྱི་ཤེས་ལྡན་པ་གྲངས་ལས་འདས་པ་ཡོད། ཁོང་ཚོའི་གསོན་ཤུགས་དང་གསར་གཏོད་ནུས་ཤུགས་འདོན་སྤེལ་གང་ལེགས་ཐུབ་ན་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཐུབ་ངེས་རེད་ཅེས་བསྟན་གནང་བ་རེད།

  
style="display:none;"