མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕ་ན་མའི་ཙུང་ཐུང་པ་ལེ་ལ་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་05ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས་ཕ་ན་མའི་ཙུང་ཐུང་པ་ལེ་ལ་དང་གྲོས་མོལ་གནང་བ།

            ཤིན་ཧྭ་གསར་འགྱུར་ཁང་ཕ་ན་མ་གྲོང་ཁྱེར་ནས་ཟླ་12ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ན་མའི་ཙུང་ཐུང་པ་ལེ་ལ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ཚུན་ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་དང་མཉམ་ལས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་འབྲེལ། རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྔར་བས་སྐུལ་འདེད་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད་པ་རེད།
             ཞི་ཅིན་ཕིང་གིས་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་གཅིག་དང་ཕྱེད་ཀ་སོང་ཚུན། ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཤུགས་ཆེན་འགྲོ་འགོ་ཚུགས་ཡོད། ང་དང་ཙུང་ཐུང་པ་ལེ་ལའི་དབར་ཕན་ཚུན་འཚམས་འདྲི་བྱེད་རྒྱུ་མངོན་འགྱུར་ཐུབ་པ་དང་། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་པ། “རྒྱུད་གཅིག་ལམ་གཅིག”མཉམ་དུ་གཏོད་རྒྱུ་སྣེ་ཁྲིད་དུ་བྱས་ཏེ། ཁྱབ་ཁོངས་ཁག་གི་འགྲོ་འོང་མཉམ་ལས་བྱེད་ཤུགས་མགྱོགས་མྱུར་ཆེ་རུ་བཏང་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུཌ་པ་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཐོབ་པ་དོན་དངོས་ལས་ར་འཕྲོད་ཐུབ་ཡོད་ལ་མུ་མཐུད་ཐུབ་རྒྱུ་རེད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གང་འདྲ་བྱུང་རུང་། ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུ་ནི་ཀྲུང་གོ་ཕྱོགས་ཀྱི་སྲ་བརྟན་འགྱུར་མེད་ཀྱི་ཕྱི་འབྲེལ་མཛད་ཕྱོགས་ཤིག་ཡིན།
           ཕ་ན་མའི་སྲིད་གཞུང་དང་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དང་། དམངས་འཚོ་ལེགས་གཏོང་། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་ཆེར་གཏོང་བཅས་ལ་འབད་བརྩོན་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་ཞུ་གི་ཡོད་ལ། ས་ཁུལ་གྱི་དཔལ་འབྱོར་མཉམ་འདྲེས་དང་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་དེ་བས་འདོན་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་གསུངས་གནང་བ་རེད།
            ཞི་ཅིན་ཕིང་གིས་ང་དང་སྐུ་ཞབས་ཙུང་ཐུང་དབར་ཐུན་མོང་གི་ངོས་འཛིན་གལ་ཆེན་ཞིག་བྱུང་ཡོད། དེ་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ལས་ཀའི་གྲུབ་འབྲས་ལ་དཔྱད་ཞིབ་བྱེད་པའི་ཚད་གཞིར་བརྩི་རྒྱུ་དེ་རེད། བསམ་བློ་དེས་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འཛུགས་རྒྱུར་སྣེ་ཁྲིད་ཐུབ་ཡོད་ལ། འབྱུང་འགྱུར་ཡང་ཕྱོགས་གཉིས་པོས་མཉམ་ལས་བྱེད་རིང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དང་དམངས་འཚོར་ཕན་འདོགས་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུར་སྣེ་ཁྲིད་ཐུབ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཕ་ན་མ་ཕྱོགས་དང་མཉམ་དུ་མཐོ་རིམ་དབར་གྱི་འགྲོ་འོང་དམ་ཟབ་ལ་རྒྱུན་འཁྱོངས་བྱེད་པ་དང་འབྲེལ། སྲིད་གཞུང་སྡེ་ཚན་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་དབར་གྱི་སྤེལ་རེས་མཉམ་ལས་བཅས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཕ་ན་མས་ཐའེ་དབན་སོགས་ཀྲུང་གོའི་ལྟེ་བའི་ཁེ་ཕན་གྱི་གནད་དོན་གལ་ཆེན་དང་འབྲེལ་བའི་ཐད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་རྩ་དོན་ལག་ལེན་བསྟར་གྱི་ཡོད་ལ། གོ་ལ་ཧྲིལ་པོའི་དཔལ་འབྱོར་ཁྲོད་པ་ན་མ་མིས་བཟོས་གཙང་པོས་ནུས་པ་བཏོན་པར་ཁས་ལེན་དང་། ཕ་ན་མ་མིས་བཟོས་གཙང་པོའི་བདག་དབང་ལ་བརྩི་འཇོག མིས་བཟོས་གཙང་པོ་ནམ་ཡང་བར་གནས་ཀྱི་རྒྱལ་སྤྱིའི་ཤར་བགྲོད་ཆུ་ལམ་ཞིག་ཡིན་པ་ཁས་ལེན། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཕ་ན་མས་ནུས་པ་གལ་ཆེན་འདོན་རྒྱུར་རྒྱབ་སྐྱོར་བཅས་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་བ་རེད།
             ཞི་ཅིན་ཕིང་གིས་ཕ་ན་མ་ཕྱོགས་ཀྱི“2030ལོའི་རྒྱལ་སྤྱིའི་ཟོག་འགྲེམས་འཐབ་ཇུས”དང་ཀྲུང་གོ་ཕྱོགས་ཀྱི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ཚད་མཐོའི་གཅིག་མཐུན་བྱུང་ཡོད་པས་ཕྱོགས་གཉིས་པོས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། དངུལ་རྩ་དང་། ཡུལ་སྐོར། ཟོག་འགྲེམས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ལྕགས་ལམ་དང་། སློབ་གསོ། སྨན་བཅོས་སོགས་ཀྱི་གཙོ་གནད་རྣམ་གྲངས་དོན་འཁྱོལ་ཡག་པོ་བྱེད་པ། མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ནི་ཕ་ན་མ་མིས་བཟོས་གཙང་པོ་སྤྱོད་མཁན་ཆེ་གྲས་ཨང་གཉིས་པ་དེ་རེད། ཕྱོགས་གཉིས་པོས་ཚོང་ཟོག་གཅིག་སྡུད་སྐྱེལ་འདྲེན་བྱ་ཐབས་སྔར་བས་བཟང་སྒྲིག་བྱས་ནས་ཀྲུང་གོ་དེ་བས་གཏིང་ཟབ་ཀྱི་སྒོ་ནས་གོ་ལ་ཧྲིལ་པོའི་ཚོང་དོན་ལ་ཞུགས་རྒྱུའི་ཐད་ཕ་ན་མ་མིས་བཟོས་གཙང་པོས་ཕན་ནུས་དེ་བས་ཆེ་བ་འདོན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་ཕ་ན་མ་ཕྱོགས་དང་མཉམ་དུ་རང་མོས་ཚོང་དོན་གྱི་གྲོས་མོལ་བྱེད་པ་དང་། ཕ་ན་མའི་རྒྱ་མཚོའི་ཐོན་རྫས་དང་། ཤ་རིགས། ཤིང་ཏོག་པོ་ལོ་སོགས་ཀྲུང་གོར་ཕྱིར་གཏོང་བྱེད་པར་དགའ་བསུ་ཞུ་བ། མི་དམངས་ཤོག་སྒོར་ཞིབ་རྩིས་ལྟེ་གནས་ཚུད་པའི་ཀྲུང་གོའི་དངུལ་རྩའི་སྒྲིག་གཞི་དེ་བས་མང་བས་ཕ་ན་མར་སྒྲིག་གཞི་འཛུགས་རྒྱུར་སྐུལ་ལྕག་གཏོང་འདོད་ཡོད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་ས་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གཉིས་པོའི་མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་ཚོང་དོན་རྩ་འཛུགས། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་སོགས་ཕྱོགས་མང་སྒྲིག་གཞིའི་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ཟབ་ཏུ་གཏོང་བ། སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་སོགས་ཀྱི་འགྲན་རྩོད་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ། རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་དེ་བས་ལེགས་པ་བྱེད་དགོས་ཞེས་གསུངས་གནང་བ་རེད།
              པ་ལེ་ལས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ན་མར་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན། ད་ཐེངས་འཚམས་འདྲི་གནང་བ་བརྒྱུད་ཕ་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་མཐུན་བརྩེ་སེམས་སྔར་བས་ཟབ་ཏུ་འགྲོ་ངེས་རེད། ཕ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ཚུན། ཕྱོགས་གཉིས་པོའི་འབྲེལ་བར་འཕེལ་རྒྱས་གལ་ཆེན་བྱུང་ཡོད། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱུང་བར་ཧ་ཅང་དགའ་པོ་བྱུང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་ཚོགས་ཀྱི་རིགས་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ན་མའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་ཕ་ན་མ་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕ་ན་མ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་གྱི་ཡོད་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་སོགས་ཀྱི་འདུ་ཤེས་གལ་ཆེན་ལའང་བསྔགས་བརྗོད་ཞུ་གི་ཡོད། ཕ་ན་མ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་མ་དངུལ་འཇོག་པ་དང་། གྲུ་ཁའི་སྐྱེལ་འདྲེན། རང་མོས་ཚོང་དོན་ཁུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་མ་དངུལ་འཇོག་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རང་མོས་ཚོང་དོན་གྲོས་མཐུན་སྔ་ཙམ་བཞག་ནས་རྒྱལ་ཁབ་གཉིས་པོའི་ཚོང་དོན་གྱི་ཆུ་ཚད་མཐོ་རུ་གཏོང་འདོད་ཡོད། ཕ་ན་མས་རང་ངོས་ཀྱི་ས་བབ་དང་ཟོག་འགྲེམས་ཀྱི་ལེགས་ཆ་སྤྱད་དེ་ཀྲུང་གོ་དང་མེ་གླིང་དབུས་མ་དང་དེ་བཞིན་ལ་ཏིང་མེ་གླིང་ས་ཁུལ་སྦྲེལ་མཐུད་བྱེད་པའི་སྒོ་མོ་དང་འབྲེལ་ཐག་ཏུ་འགྱུར་བའི་རེ་བ་བྱེད་ཀྱི་ཡོད། ཕ་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་པ་མ་ཟད། ད་དུང་ས་ཁུལ་གྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས་གོ་ལ་ཧྲིལ་པོའི་ཞི་བདེ་དང་དར་རྒྱས་ལ་ལེགས་སྐྱེས་འབུལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས།
             རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལྷན་དུ་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་དཔང་པོ་གནང་བ་མ་ཟད། ད་དུང་གསར་འགོད་པར་མཇལ་འཕྲད་ཀྱང་གནང་བ་རེད།

  
style="display:none;"