མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕོར་ཐིའུ་ཀལ་གྱི་ཙུང་ཐུང་དྷེ་སོ་སཱ་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་06ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས་ཕོར་ཐིའུ་ཀལ་གྱི་ཙུང་ཐུང་དྷེ་སོ་སཱ་དང་གྲོས་མོལ་གནང་བ།

             ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་སི་པོན་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་4ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོར་ཐིའུ་ཀལ་གྱི་ཙུང་ཐུང་དྷེ་སོ་སཱ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཕོར་དབར་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་བྱས་ནས་ཀྲུང་ཕོར་གྱི་མཛའ་གྲོགས་མཉམ་ལས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ་ཀྲུང་ཕོར་འབྲེལ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།
            ཞི་ཅིན་ཕིང་གིས་ཀྲུང་ཕོར་གྱི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་རིང་བ་དང་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་39སོང་ཚུན་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་ཡིད་ཆེས། གཉིས་ཁེ་མཉམ་ལས་བཅས་བྱས་ཡོད་ལ། རྒྱལ་སྤྱིའི་འགྱུར་ལྡོག་ཆེན་པོའི་ཁྲོད་ཕྱོགས་གཉིས་པོའི་འབྲེལ་བར་ཉམས་སད་ཐེག་སྟེ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད། ཀྲུང་གོའི་གནའ་མིས། བློས་ཐུབ་གྲོགས་པོ་བློ་ཁ་མཐུན། འབྲེལ་བ་ཟབ་མོ་བྲག་ལྟར་སྲ་ཞེས་བརྗོད་ཀྱི་ཡོད། ཀྲུང་ཕོར་ནི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཕོར་ཐིའུ་ཀལ་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱེད་པར་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། ཕོར་ཐིའུ་ཀལ་ཕྱོགས་དང་མཉམ་དུ་ཕན་ཚུན་དབར་གྱི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་གྱི་གནད་དོན་གལ་ཆེན་ལ་མུ་མཐུད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་། ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་། ས་གནས། དམངས་ཁྲོད་བཅས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་ཆབ་སྲིད་རྨང་གཞི་བརྟན་དུ་གཏོང་དགོས།
           ཕྱོགས་གཉིས་པོས་ཀྲུང་ཕོར་སྲིད་གཞུང་དབར་ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་བསམ་ཤེས་བརྗེད་ཐོར་མིང་རྟགས་འགོད་པ་གོ་སྐབས་སུ་བྱས་ཏེ་ཕྱོགས་ཡོངས་ནས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་དངོས་གཉེར་མཉམ་ལས་རྒྱ་ཆེར་བཏང་ནས་ད་ཡོད་རྣམ་གྲངས་ཀྱི་རྒྱ་སྟོབས་དང་ཕྱོགས་གཉིས་པོའི་ཚོང་དོན་འགྲོ་འོང་རྒྱ་ཆེར་བཏང་ནས་མཉམ་ལས་ཀྱི་འཕར་གནས་དེ་བས་མང་པོ་གཏོད་དགོས། ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཟབ་ཏུ་གཏོང་བ་དང་ལི་སི་པོན་དུ་ཀྲུང་གོའི་རིག་གནས་ལྟེ་གནས་སྐྲུན་པའི་ལས་དོན་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ། སློབ་གསོ་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སོགས་ཀྱི་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས། ཕྱོགས་གཉིས་པོས་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་དང་གཞོགས་འདེགས་བྱེད་ཚད་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་སྲུང་སྐྱོང་བྱེད་དགོས་ཞེས་གསུངས།
           ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཞིག་རེད། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་ཡོ་རོབ་གཞི་གཅིག་ཅན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕོར་ཐིའུ་ཀལ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་ནང་དུ་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་སྲུང་སྐྱོང་བྱེད་པའི་རེ་བ་ཡོད་ཅེས་གསུངས།
          དྷེ་སོ་སཱས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་དགའ་བསུ་ཞུ་རྒྱུ་ཡིན། ཕོར་ཀྲུང་རྒྱལ་ཁབ་གཉིས་ཀྱི་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཕན་ཚུན་དབར་བསམ་ཤེས་བྱེད་པ་དེ་ནི་ང་ཚོ་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་རྨང་གཞི་བརྟན་པོ་ཞིག་རེད། ཕྱི་ལོ་ཕོར་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བའི་ལོ་ཡིན་པས། ཕོར་ཐིའུ་ཀལ་གྱིས་ཀྲུང་གོ་དང་དཔལ་འབྱོར་ཚོང་དོན་དང་། དངུལ་རྩ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བའི་རེ་བ་ཡོད་ལ། ཀྲུང་གོའི་ཁེ་ལས་ཀྱིས་ཕོར་ཐིའུ་ཀལ་ལ་མ་དངུལ་འཇོག་ཚད་མང་དུ་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན། ཕོར་ཐིའུ་ཀལ་གྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། སྐམ་སའི་དར་གོས་ལམ་བུ་དང་མཚོ་ཐོག་དར་གོས་ལམ་བུའི་ཡོ་རོབ་ཀྱི་ལྟེ་བར་འགྱུར་བའི་རེ་བ་ཡོད། རྒྱལ་སྤྱིའི་གནད་དོན་མང་པོའི་ཐད་ཕོར་ཀྲུང་གི་ལངས་ཕྱོགས་གཅིག་མཚུངས་ཡིན་པ་དང་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་། ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ། རང་མོས་ཚོང་དོན་ལ་རྒྱབ་སྐྱོར། སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བཅས་བྱས་ཏེ་ཕྱོགས་མང་སྒྲིག་གཞིའི་མཐུན་སྦྱོར་ཟབ་ཏུ་གཏོང་དགོས། ཕོར་ཐིའུ་ཀལ་གྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བར་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཕོར་ཐིའུ་ཀལ་གྱི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་གི་ཡིན་ཞེས་བཤད།
          གྲོས་མོལ་གྲུབ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་བ་རེད།
          གྲོས་མོལ་མ་གནང་གོང་། ཙུང་ཐུང་དྷེ་སོ་སཱ་ཡིས་གོང་མའི་ཐང་ཆེན་དུ་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་པ་རེད།
         ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་བཞུགས་པའི་རླངས་འཁོར་གོང་མའི་ཐང་ཆེན་དུ་འབྱོར་སྐབས་དྷེ་སོ་སཱས་མདུན་དུ་བསྐྱོད་ནས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་སྟེགས་ཐོག་ཕེབས་ཤིང་། དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཕོར་ཐིའུ་ཀལ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་རེད། དྷེ་སོ་སཱ་ཡི་ཕེབས་རོགས་འོག་ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་པ་དང་དེ་རྗེས་གཟིགས་སྟེགས་ནས་དམག་མིའི་རུ་སྟར་ལ་གཟིགས་པ་རེད། ཐང་ཆེན་གྱི་ཕྱིར་མི་རྣམས་ཀྱིས་ཀྲུང་གོའི་རྒྱལ་དར་གཡུག་གཡུག་བྱས་ཏེ་སྐད་གསང་མཐོན་པོས་ཞི་ཀྲུའུ་ཞིར་དགའ་བསུ་ཞུ་ཞེས་འབོད་ཅིང་། དགའ་བསུ་ཞུ་བའི་མཛད་སྒོ་ཚར་རྗེས་ཞི་ཅིན་ཕིང་གིས་ཕོར་ཐིའུ་ཀལ་གྱི་ལོ་རྒྱུས་ཐོག་གི་རླབས་ཆེན་སྙན་ངག་པ་དང་མི་རིགས་ཀྱི་དཔའ་བོ་གཱ་མོང་སིའི་བང་སོར་མེ་ཏོག་ཕུལ་བ་རེད།
          ཙུང་ཐུང་ལས་ཤག་ཏུ་སྐྱོད་པའི་ལམ་བར་དུ་ཕོར་ཐིའུ་ཀལ་གྱི་རྒྱལ་དམངས་སྲུང་དམག་རུ་ཁག་དང་རྟ་དམག་གཟབ་སྦྲེང་རུ་ཁག་གིས་མཉམ་དུ་ཕེབས་སྐྱེལ་ཞུས་པ་རེད། ཙུང་ཐུང་ལས་ཤག་ཏུ་འབྱོར་སྐབས་དྷེ་སོ་སཱས་རླངས་འཁོར་འཇོག་ས་ནས་སླར་ཡང་ཕེབས་བསུ་ཞུས་པ་དང་གུས་ལུགས་དམག་མི་གཞོགས་གཉིས་སུ་རུ་བསྒྲིགས་པ་དང་དུང་ཆུང་གཏོང་མཁན་གྱིས་དུང་བཏང་ནས་གུས་ལུགས་མཚོན་པར་བྱས་པ་རེད། ཞི་ཅིན་ཕིང་གིས་ཕོར་ཐིའུ་ཀལ་ཕྱོགས་ཀྱི་ཕེབས་རོགས་མི་སྣར་ཕྱག་བཏང་བ་དང་དྷེ་སོ་སཱས་ཀྲུང་གོ་ཕྱོགས་ཀྱི་ཕེབས་རོགས་མི་སྣར་ཕྱག་བཏང་བ་རེད།
          དེ་ཉིན་དགོང་མོ་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་དྷེ་སོ་སཱ་དང་ལྷན་དུ“མཚོ་ཐོག་དར་གོས་ལམ་བུའི”ཕོ་བྲང་རྙིང་པའི་རིག་དངོས་སྤུས་ལེགས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།

༄༅།།ཞི་ཅིན་ཕིང་གིས་ཕོར་ཐིའུ་ཀལ་གྱི་ཙུང་ཐུང་དྷེ་སོ་སཱ་དང་གྲོས་མོལ་གནང་བ།

  
style="display:none;"