མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་ཁབ་ཚན་རྩལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་08ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། རྒྱལ་ཁབ་ཚན་རྩལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་གིས་རྒྱལ་ཁབ་ཚན་རྩལ་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་སྟེ་རྒྱལ་ཁབ་ཚན་རྩལ་འཕེལ་རྒྱས་ཀྱི་འཐབ་ཇུས་འཆར་འགོད་ལ་ཞིབ་འཇུག་དང་། གསར་གཏོད་དང་སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཚན་ཞིབ་སྒྲིག་གཞི་དང་མི་སྣར་དེ་བས་ལེགས་པའི་རང་བདག་དབང་ཆ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
         ལི་ཁེ་ཆང་གིས་གསར་གཏོད་ནི་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པས། ཁྱབ་ཁོངས་མང་པོ་ཞིག་ཏུ་ཚན་རྩལ་འཕེལ་རྒྱས་ལ་ཚད་བརྒལ་ཆེན་པོ་བྱུང་བ་དང་། སྤྱི་ཚོགས་གསར་གཏོད་ཀྱི་གསོན་ཤུགས་ཆེན་པོ་རྒྱས་པ། ཚན་རྩལ་ཡར་ཐོན་དང་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཤུགས་ཆེན་ཐོན་ཡོད། མིག་སྔའི་འཛམ་གླིང་གི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་དུས་བབ་ཛ་དྲག་པོ་ཡོད་པ་དང་། རང་རྒྱལ་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་གྱི་འགག་རྩའི་དུས་སྐབས་སུ་གནས་པས། གོ་སྐབས་དང་། དཀའ་ངལ། འགྲན་སློང་བཅས་འཕྲད་སྐབས་དཔལ་འབྱོར་གྱི་གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་པར་གཞི་ཚུགས་ནས་རང་རྒྱལ་གྱི་མི་ཤུགས་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་རྒྱལ་ནང་གི་བཀོལ་སྤྱོད་ཁྲོམ་ར་རྒྱ་ཧ་ཅང་ཆེ་བ་སོགས་ཀྱི་རང་རྒྱལ་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དེ་བས་ཆེ་བ་གཏོང་དགོས་ཞེས་གསུངས་པ་རེད།
         ལི་ཁེ་ཆང་གིས་ཚན་རྩལ་གསར་གཏོད་ཀྱི་འཐབ་ཇུས་བཀོད་པ་དེ་བས་ལེགས་པའི་ངང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་མཉམ་འདྲེས་བྱས་ནས་དེང་རབས་ཅན་འཛུགས་སྐྲུན་ལ་ཕྱོགས་པ་དང་། འགག་རྩ་དང་ལྟེ་བའི་ལག་རྩལ་ཚད་བརྒལ་ལ་དམིགས་པ། སྒུལ་ནུས་གསར་པ་སྐྱེད་སྲིང་དང་ཆེ་རུ་གཏོང་བ། ཚན་རྩལ་དང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྨང་གཞིའི་ཞིབ་འཇུག་ནི་ཚན་རིག་མ་ལག་གི་འབྱུང་ཁུངས་ཡིན་པས། རྨང་གཞིའི་ཞིབ་འཇུག་ལ་ཡུན་རིང་རྒྱབ་སྐྱོར་བརྟན་པོ་བྱས་ཏེ་ཁེ་ལས་དང་སྤྱི་ཚོགས་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་དང་། “རྩེར་སོན་ཚན་རྩལ”ཞིབ་འཇུག་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་གསར་རྩོམ་གྱི་གྲུབ་འབྲས་སྔར་ལས་མང་བ་ཐོབ་རྒྱུར་འབད་བརྩོན་བྱེད་དགོས། གསར་གཏོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཁེ་ལས་ཀྱིས་བྱེད་པོ་དང་ཁྲོམ་རས་གཙོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཐོན་སློབ་ཞིབ་སྤྱོད་མཉམ་འབྲེལ་ངང་གསར་གཏོད་བྱེད་པར་སྐུལ་ལྕག་གཏོང་བ། སྣེ་འདྲེན་ཁེ་ལས་ཀྱིས་ཚན་རྩལ་གྱི་རྣམ་གྲངས་ཆེ་མོ་སྣེ་ཁྲིད་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། རྒྱལ་སྤྱིའི་གསར་གཏོད་ཀྱི་མཉམ་ལས་ཐབས་ལམ་རྒྱ་ཆེར་གཏོང་བ། ཚན་རྩལ་གསར་གཏོད་ལ་ཚད་བརྒལ་ཡོང་བ་དང་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཚན་རྩལ་ཐོན་ཁུངས་མཉམ་སྤྱོད་ལས་སྟེགས་དང་། ཞིབ་སྤེལ་སྒྲིག་གཞི་གསར་པ་སོགས་གསར་གཏོད་ཀྱི་ལས་སྟེགས། བཟོ་ལས་ཀྱི་དྲ་སྦྲེལ་ལས་སྟེགས་བཅས་འཕེལ་རྒྱས་གཏོང་བ་དང་། ཁེ་ལས་ཆེ་འབྲིང་ཆུང་གསུམ་དང་དྲ་ཐོག་དང་དྲ་ཕྱིའི་མཉམ་འདྲེས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པ། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། “གཉིས་གཏོད”ཆུ་ཚད་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་བ། ཐོན་ལས་འབྲིང་གྲས་དང་རྩེར་སོན་ཕྱོགས་སུ་མཆོང་སྐྱོད་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

  
style="display:none;"