མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཁྲའོ་ཞན་གྱི་ཕྱི་འབྲེལ་བློན་ཆེན་ལི་ཡུང་ཧའོ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་09ཉིན། 15:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

             ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་7ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་7ཉིན་མི་དམངས་ཚོགས་ཁང་ཆེ་མོར་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཕྱི་འབྲེལ་བློན་ཆེན་ལི་ཡུང་ཧའོ་དང་མཇལ་འཛོམས་གནང་བ་རེད།
            ཞི་ཅིན་ཕིང་གིས་ལི་ཡུང་ཧའོ་བརྒྱུད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུ་རོགས་ཞུས་པ་དང་། ཞི་ཅིན་ཕིང་གིས་འདི་ལོ་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་ཀྲུང་གོར་འཚམས་འདྲི་ཐེངས་གསུམ་གནང་བ་དང་། ང་དང་ཁོང་དབར་ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་གནད་དོན་གལ་ཆེན་སྐོར་ལ་ཕྱོགས་ཡོངས་ནས་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱས་པ་ཡིན། ཕྱོགས་གཉིས་པོའི་དབར་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ནུས་ལྡན་བྱུང་བ་མཐོང་སྐབས་ཧ་ཅང་དགའ་པོ་བྱུང་ཞེས་གསུངས།
           ཞི་ཅིན་ཕིང་གིས་ཕྱི་ལོ་ང་ཚོས་ཀྲུང་ཁྲའོ་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བར་བསུ་བ་ཞུ་རྒྱུ་རེད། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་ཁྲའོ་ཡི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་འདི་ནི་ང་ཚོའི་བློ་བརྟན་འགྱུར་མེད་གྱི་མཛད་ཕྱོགས་ཤིག་རེད། མིག་སྔར། ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་འབྲེལ་བའི་ལེའུ་གསར་པ་ཞིག་རྩོམ་འགོ་ཚུགས་ཡོད། ཕྱོགས་གཉིས་པོས་ཕྱི་ལོ་ཀྲུང་གོ་དང་ཁྲའོ་ཞན་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་དྲན་གསོའི་བྱེད་སྒོ་ཡག་པོ་སྤེལ་བ་གོ་སྐབས་སུ་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་ཡུན་རིང་སྐྱོན་བྲན་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་མི་དམངས་ཀྱིས་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱི་འགོ་ཁྲིད་འོག་རྒྱལ་ཁབ་དེ་གའི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པས། ཁྲའོ་ཞན་གྱི་བྱ་གཞག་ཁག་ཇི་ཙམ་བསྒྲུབས་པ་དེ་ཙམ་གྱིས་ལེགས་སུ་འགྲོ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
            ཞི་ཅིན་ཕིང་གིས་འདི་ལོ་ཚུན་དུ་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་ཕྱིན་པ་དང་། ཕྱེད་གླིང་གི་གནད་དོན་དེ་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་ཐོག་ཕྱིར་ལོག་བྱས་ཡོད། ཁྲའོ་ཨ་ཕྱོགས་གཉིས་པོས་ཁ་སྤྲོད་དུ་བསྐྱོད་པ་དང་ཕན་ཚུན་དབར་གྱི་ལུགས་མཐུན་གྱི་དོ་ཁུར་ལ་ལྟ་རྟོག་བྱས་ནས་ཕྱེད་གླིང་གི་ཞི་བའི་གྲོས་མོལ་གྱི་འཕེལ་རིམ་ལ་རྒྱུན་ཆད་མེད་པར་དགེ་མཚན་ལྡན་པའི་འཕེལ་རྒྱས་ཡོང་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་ལྷོ་བྱང་ཕྱོགས་གཉིས་པོའི་དབར་འབྲེལ་བ་ལེགས་གཏོང་ལ་རྒྱབ་སྐྱོར་བྱས་ནས་མཐུན་འགྲིག་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་སྡེ་ཚན་གྱིས་འབྲེལ་གཏུག་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཀྲུང་ཁྲའོ་དབར་གྱི་འབྲེལ་བ་འཕེལ་རྒྱས་དང་ཕྱེད་གླིང་གི་གནད་དོན་ཆབ་སྲིད་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་ཞེས་བསྟན་གནང་བ་རེད།
             ལི་ཡུང་ཧའོ་ཡིས་དང་ཐོག་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་ཞི་ཅིན་ཕིང་ལ་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་སྤྲོད་གནང་ཞིང་། ལི་ཡུང་ཧའོ་ཡིས་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་འདི་ལོ་ཀྲུང་གོར་འཚམས་འདྲིར་ཐེངས་གསུམ་ཕེབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་གྲོས་མོལ་གཏིང་ཟབ་གནང་སྟེ་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་ནས་དུས་སྐབས་གསར་པར་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་ཆུ་ཚད་གསར་པའི་ཐོག་མཐོ་རུ་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཁྲའོ་ཞན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱི་ལོའི་ཁྲའོ་ཞན་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཡག་པོ་གཉེར་ནས་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་ཕྱོགས་གཉིས་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཁྲའོ་ཞན་ཕྱོགས་ཀྱིས་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པ་མངོན་འགྱུར་ཡོང་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཕྱེད་གླིང་དང་དེ་བཞིན་ས་ཁུལ་དེ་གའི་ཞི་བདེ་བརྟན་ལྷིང་ཐད་ཀྲུང་གོ་ཕྱོགས་དང་མུ་མཐུད་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱེད་འདོད་ཡོད་ཅེས་གསུངས།

  
style="display:none;"