མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དབང་དབྱང་གིས་སྣེ་ཁྲིད་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པ་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ལ་དྲན་རྟེན་ཕྱག་རྟགས་སྩོལ་བའི་མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་11ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         ཤིན་ཧྭ་གསར་འགྱུར་ཁང་ནན་ཉིང་ནས་ཟླ་12ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་དབང་དབྱང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ལ་དྲན་རྟེན་ཕྱག་རྟགས་སྩོལ་བའི་མཛད་སྒོར་ཞུགས་ཤིང་། ཀྲུང་དབྱང་སྐུ་ཚབ་ཚོགས་པས་ཀོང་ཤིས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མའི་རྟེན་འབྲེལ་སྒོ་བན་དང་གཡུ་རྩིའི་བུམ་པ་སོགས་དྲན་རྟེན་ཕྱག་རྟགས་བསྩལ་བ་རེད།
           རྟེན་འབྲེལ་སྒོ་བན་བརྗིད་ཉམས་ལྡན་ལ་ནང་དོན་ཟབ་ཅིང་། “མཛེས་སྡུག་ལྡན་པའི་ཀོང་ཤིས་བསྐྲུན་ནས་མཉམ་དུ་བསྐྱར་དར་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མའི་ཡིག་འབྲུ་སྒོ་བན་གྱི་དབུས་སུ་བྲིས་ཡོད། རྟེན་འབྲེལ་སྒོ་བན་གཞི་གདན་དེ་མཚལ་མདོག་གི་ཀྲོང་ཡིག་ཚེ་རིང་གིས་བརྒྱན་པའི་གོས་ཆེན་ཡིན་པ་དེ་ཐོག་ནས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་འཆམ་མཐུན་དང་ཐུན་མོང་གྲ་རྒྱས་ཀྱི་ནང་དོན་མཚོན་པ་དང་མཐའ་རྒྱན་ཆུ་རིས་ཀྱིས་མཚོ་ཐོག་དར་གོས་ལམ་བུའི་ལོ་རྒྱུས་ཡུན་རིང་དང་སྐྱེ་སྟོབས་མི་ཉམས་པ་མཚོན་ལ་རག་ལས་གྲུབ་པའི་རྟེན་འབྲེལ་སྒོ་བན་གྱི་སྒྲོམ་གཞིའི་ཐོག་དར་གོས་རི་མོས་བརྒྱན་པ་དེས་བཀྲ་ཤིས་ཀྱི་ནང་དོན་ཡང་མཚོན་ཡོད།
           དྲན་རྟེན་དངོས་པོ་སྩོལ་བའི་མཛད་སྒོའི་ཐོག་དབང་དབྱང་གིས་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལུའུ་ཤིན་ཧྲེ་དང་ལྷན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མའི་རྟེན་འབྲེལ་སྒོ་བན་གྱི་ཡོལ་ཁེབས་ཕྱེ་གནང་བ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་སུན་ཁྲུན་ལན་གྱིས་ཤིས་ཚིག་གསུང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཤིས་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བ་དང་ཐུགས་ལ་བཅངས་ཏེ། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་ཆེད་ཕྱག་བྲིས་ཕྱག་བསྟར་མ་གནང་བ་དེ་ཐོག་ནས་ཀོང་ཤིས་ཀྱི་མཛེས་སྡུག་ལྡན་པའི་རི་ཀླུང་དང་། མི་རིགས་འཆམ་མཐུན། མི་དམངས་བདེ་སྐྱིད་བཅས་ཡོང་བའི་སྨོན་འདུན་བཟང་པོ་ཞུ་ལུགས་མཚོན་ཡོད་ལ། ཀོང་ཤིས་ཀྱིས་འགོ་འཛུགས་ས་གསར་པའི་ཐོག་འོད་སྟོང་འཕྲོ་བའི་རྣམ་པ་གསར་པ་གཏོད་རྒྱུའི་ཐུགས་རེ་ཟབ་མོ་ཡང་མཚོན་པ་མ་ཟད། རྒྱ་ཆེའི་ཀྲོང་ཡུལ་གྱི་བུ་ཕྲུག་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་གསར་འབྱེད་ཡར་བརྩོན་བྱས་ཏེ“རྒྱ་མཚོ”ལྟར་གྱི་མི་མངོན་པའི་སྟོབས་ཤུགས་དང་། “གཙང་པོ”ལྟར་གྱི་གསོན་ཤུགས།  “མཐའ་མཚམས”ཀྱི་ལས་དོན་ཡག་པོ་བསྒྲུབས་པ་བཅས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་དེ་དུས་རབས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་གཏོད་རྒྱུར་སྐུལ་ལྕག་ཐེབས་ངེས་རེད་ཅེས་གསུངས་པ་རེད།
          ཀྲུང་དབྱང་སྐུ་ཚབ་ཚོགས་པས་ཁྱོན་དྲན་གསོའི་ཕྱག་རྟགས་བཅུ་སྩོལ་བའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མའི་རྟེན་འབྲེལ་སྒོ་བན་དང་། གཡུ་རྩིའི་བུམ་པ《ཀོང་ཤིས་སུ་དྲི་ཞིམ་འཐུལ》 བུམ་པ《སེམས་མཐུན》 དྲན་གསོའི་རྟགས་མ《སྐུལ་ལྕག》 པེ་ཙི《དྲོ་སྐྱིད》 ཇ་ཆས《ཕན་ཚུན་ལྟ་སྐྱོང》 ཚན་རིག་ཚོད་ལྟའི་རྩེད་ཆས། བརྒྱུད་ལམ་སྣེ་མང་གི་སློབ་ཁྲིད་འཕྲུལ་ཆས། གོས་འཁྲུ་འཕྲུལ་ཆས་ཆེ་གྲས། འཁྱེར་བདེའི་སྙིང་པར་འཕྲུལ་ཆས། སྒྲ་རླབས་སྨན་བཅོས་ཡོ་ཆས་བཅས་ཡོད་པ་དེ་དག་ལ་དྲན་གསོའི་དོན་སྙིང་ལྡན་ལ་བབ་ཆགས་གོ་ཆོད་ལྡན་པས་ཀྲུང་དབྱང་གིས་ཀོང་ཤིས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀོང་ཤིས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་པ་མ་ཟད། ཀོང་ཤིས་ས་གནས་ཀྱི་ཁྱད་ཆོས་དང་དམངས་སྲོལ་རྣམ་པའང་མངོན་ཡོད།
          རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་པད་མ་འཕྲིན་ལས་ཀྱིས་དྲན་རྟེན་ཕྱག་རྟགས་ཀྱི་རྩིས་ཐོ་སྒྲོག་སྦྱངས་གནང་བ་དང་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཡིའུ་ཆོན་དང་། མཱ་པེའོ། པ་ཐེར། མེའོ་ཧྭ་སོགས་མཛད་སྒོར་ཞུགས་ཡོད་པ་རེད།

  
style="display:none;"