མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀོང་ཤིས་མི་རིགས་ཁག་དང་ལས་རིགས་ཁག་གིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་12ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

              ཤིན་ཧྭ་གསར་འགྱུར་ཁང་ནན་ཉིང་ནས་ཟླ་12ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ལོ་དྲུག་ཅུའི་འབད་འཐབ་ལས་ཀོང་ཤིས་ས་གཞི་ཆེ་མོར་རྣམ་པ་གསར་པ་མངོན། ཚེས་10ཉིན་གྱི་ཕྱི་དྲོ། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཀོང་ཤིས་ལུས་རྩལ་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་རྟེན་འབྲེལ་གློག་འཕྲིན་བཏང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་དབང་དབྱང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
            གོང་ཚེས་ཉིན་ནན་ཉིང་གྲོང་ཁྱེར་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་ལ་གྲོང་ཁྱེར་ཡོངས་སུ་དགའ་སྤྲོའི་རྟེན་འབྲེལ་གྱི་དུས་ཆེན་རྣམ་པས་ཕྱུག གཟབ་མཆོར་སྤྲས་པའི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་2.2ཙམ་ཀོང་ཤིས་ལུས་རྩལ་ལྟེ་གནས་སུ་དགའ་སྤྲོ་མཉམ་འཛོམས་ཀྱིས་བཀྲ་ཤིས་ཉིན་མོར་རྟེན་འབྲེལ་ཞུས་ཤིང་། ཀྲུའུ་ཞི་སྡིངས་ཆའི་ཐོད་དུ་ཀྲོང་རྒྱ་ཡིག་རིགས་གཉིས་ལས་བྲིས་པའི“ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན”ཞེས་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད་ལ། “བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་དགོས”“དུས་རབས་གསར་པའི་ཀོང་ཤིས་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས”ཞེས་པའི་སྦྱར་ཡིག་ཆེན་པོ་ལས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་བསམ་འདུན་མཚོན་ཡོད། “མཛེས་སྡུག་ལྡན་པའི་ཀོང་ཤིས་བསྐྲུན་ནས་མཉམ་དུ་བསྐྱར་དར་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་རྒྱ་ཡིག་ཡིག་ཆེན་12མཐོ་པོར་དཔྱང་ཡོད་པ་དང་གཞོགས་གཉིས་ཀྱི“1958”དང“2018”ལོ་ཚིགས་ཨང་ཀི་དེ་བས་བཀྲག་མདངས་ལྡན།
            ཕྱི་དྲོའི་ཆུ་ཚོད་གསུམ་པར་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཁྲེན་ཝུའུ་ཡིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་སྐད་གསང་མཐོན་པོའི་རྒྱལ་གླུའི་སྒྲའི་ཁྲོད་སྐར་ལྔའི་དར་དམར་དལ་གྱིས་བསྒྲེངས།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་སུན་ཁྲུན་ལན་གྱིས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་བཏང་བའི་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་རྟེན་འབྲེལ་གློག་འཕྲིན་སྒྲོག་སྦྱངས་གནང་བ་རེད།
           སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དབང་དབྱང་གིས་སྤྲོ་སེམས་རབ་ཏུ་འཁོལ་བའི་གསུང་བཤད་གནང་ཞིང། ཁོང་གིས་ནན་ཉིང་གྲོང་དུ་མེ་ཏོག་རྣམ་པར་བཞད། ཀོང་ཤིས་ས་གཞིར་དགའ་སྤྲོའི་རྣམ་པས་ཁེངས། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཟབ་མོ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བཀྲ་ཤིས་སྨོན་འདུན་འཆང་བཞིན་ཀོང་ཤིས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ངས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ལ་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ལ། ཀོང་ཤིས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲི་5600ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོའང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
           དབང་དབྱང་གིས་ཀོང་ཤིས་ནི་མེས་རྒྱལ་མཐའ་མཚམས་ལྷོ་རྒྱུད་ཀྱི་གནས་མཆོག་ཅིག་རེད། གནའ་སྔ་མོ་ནས་བཟུང་། མི་རིགས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བསྐྲུན་ཡོད། ཉེ་རབས་ཚུན་དུ། དཔའ་བོའི་ཀོང་ཤིས་མི་རིགས་ཁག་གི་བུ་ཕྲུག་ཚོས་ཐོག་མཐའ་བར་གསུམ་དུ་ཁྱིམ་སྲུང་རྒྱལ་སྲུང་གི་འཐབ་ས་མདུན་མར་འགྱིང་ངེར་ལངས་ནས་གསར་བརྗེའི་འཐབ་རྩོད་རླབས་རྒྱུན་དྲག་པོའི་ནང་ཞུགས་ཏེ་ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པ་དང་ལྷག་བསམ་འགྱུར་མེད་ཀྱི་སྤྱོད་བཟང་འདུན་ཆེའི་མི་སྣ་མང་པོ་ཐོན་ཡོད་ལ། གནམ་ས་འགུལ་བ་དང་རི་ཀླུང་སྒུལ་ཐུབ་པའི་རྒྱལ་གཅེས་ཀྱི་ལེའུ་བརྩམས་ཡོད། ལོ་60གོང་དུ་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་པ་དང་། མཐུན་སྒྲིལ་ཡར་ཐོན་དང་གྲ་རྒྱས་གོང་འཕེལ་གྱི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་འགོ་ཚུགས་ཡོད། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་ཟེར་འོག རང་སྐྱོང་ལྗོངས་ཀྱིས་སྤྱིར་བཏང་མིན་པའི་འབད་འཐབ་ལོ་རྒྱུས་ལམ་བུར་བསྐྱོད་པར་བརྟེན་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་པའི་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པ་མ་ཟད། དཔལ་འབྱོར་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་། སྒྱུར་བཅོས་སྒོ་དབྱེའི་ཁྲོད་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་པ། མི་དམངས་ཀྱི་འཚོ་བ་ཆེས་ཆེར་ལེགས་སུ་ཕྱིན་པ། སྣོད་བཅུད་བཅོས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། མི་རིགས་མཐུན་སྒྲིལ་རྒྱུན་ཆད་མེད་པར་སྲ་བརྟན་བཅས་བྱུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཀྱིས་འབད་འབུངས་ཡར་བརྩོན་བྱས་པ་བརྒྱུད། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་ཡོད་ལ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཀྱང་ཆེ་རུ་ཕྱིན་ཡོད་ཅེས་གསུངས་པ་རེད།
           དབང་དབྱང་གིས་རང་སྐྱོང་ལྗོངས་ཀྱི་ལོ་དྲུག་ཅུའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ནི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བའི་འབྲས་བུ་ཞིག་དང་། ཀོང་ཤིས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་འབད་འབུངས་ཡར་བརྩོན་ལས་བྱུང་བའི་འབྲས་བུ་ཞིག རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ལས་བྱུང་བའི་འབྲས་བུ་ཞིག་བཅས་རེད། དེ་དག་ལས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཆེན་པོ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་སྐྱེ་སྟོབས་ཆེན་པོ་མངོན་ཡོད་པར་བརྟེན། རང་སྐྱོང་ལྗོངས་ཀྱི་འཕེལ་རྒྱས་ཡར་ཐོན་བརྒྱུད་མྱོང་བའི་ལས་བྱེད་མང་ཚོགས་དང་ཀོང་ཤིས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ལས་རིགས་ཁག་གི་མི་སྣ་ཚང་མས་དགའ་སྤྲོ་དང་སྤོབས་པ་མི་བྱེད་པ་ག་ལ་སྲིད་ཅེས་གསུངས་པ་རེད།
           དབང་དབྱང་གིས་དུས་རབས་གསར་པར་བསྐྱོད་རྗེས། ཀོང་ཤིས་ཀྱིས་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་གོ་སྐབས་བསུས་ནས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད། 2017ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཤིས་སུ་རྟོག་ཞིབ་གནང་སྟེ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་བཏོན་ནས་དམངས་ཕྱུག་ཀུའེ་དར་གྱི་ལས་དོན་ཁག་ཡག་པོ་སྒྲུབ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “ངེས་གནས་ཆེན་པོ་གསུམ”གྱི་འོས་འགན་གསར་པ་བློ་ལ་བཅངས་བ། “ཏན་ཏིག་ལྔ”ཡི་བླང་བྱ་གསར་པ་དོན་འཁྱོལ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཀོང་ཤིས་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས་པ་དང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ཏེ་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་ཤིང་དུ་འགྱུར་བ་བྱེད་དགོས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་བ་བྱེད་དགོས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་དང་སྤུས་ཚད་ཕན་འབྲས་མཐོར་གཏོང་གི་གཉིས་འདེད་མཉམ་དར་མངོན་འགྱུར་ཧུར་ཐག་བྱེད་དགོས་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་གཙོ་གནད་ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཕྱོགས་མང་སྒོ་དབྱེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་པ། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་བཅོས་མཐའ་འཁྱོངས་བྱས་ནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་གི་ཕན་པ་ཐོབ་པ་བྱེད་དགོས་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་རྒྱུན་ཆད་མེད་པར་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
          མཇུག་ཏུ། དབང་དབྱང་གིས་ལོ་དྲུག་ཅུའི་ལོ་རྒྱུས་ཀྱིས་དུས་རབས་གསར་པར་སྐུལ་མ་ཐེབས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་བློ་སེམས་གཅིག་སྒྲིལ་དང་། ཇུས་ཤུགས་མཉམ་འདོན། སྒྱུར་བཅོས་གསར་གཏོད། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་ཀོང་ཤིས་བསྐྲུན་ནས་མཉམ་དུ་བསྐྱར་དར་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་གསུངས་པ་རེད།

  
style="display:none;"