མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས《འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ》སྤེལ་ནས་ལོ་70འཁོར་བར་དྲན་གསོ་
ཞུ་བའི་བཞུགས་མོལ་ཚོགས་འདུར་འཕྲིན་ཡིག་སྤྲིངས་ཏེ། རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འགྲོ་བ་
མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་མིའི་ཕྱོགས་ཡོངས་
འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས་ཞེས་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་12ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

           ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་10ཉིན་པེ་ཅིང་དུ《འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ》སྤེལ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པའི་ནང་། 《འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ》ནི་མིའི་རིགས་ཤེས་དཔལ་འཕེལ་རྒྱས་ལོ་རྒྱུས་ནང་དོན་སྙིང་གལ་ཆེན་ལྡན་པའི་ཡིག་ཆ་ཞིག་ཡིན་ལ་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་ཞི་བདེ་དང་། འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཐུན་མོང་གི་རིན་ཐང་མཐའ་འཁྱོངས་ཀྱིས་མིའི་ལ་རྒྱ་དང་ཁེ་དབང་སྲུང་སྐྱོང་བྱེད་པ་དང་། སྔར་བས་དྲང་གཞག་དང་། ལུགས་མཐུན། ཁོང་ཡངས་བཅས་ཀྱི་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ཆགས་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་འཛུགས་སྐྱོང་བྱས་ཏེ་འཛམ་གླིང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
            ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཡག་ཤོས་ཡིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་མོ་དེ་ནས་བཟུང་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་དོན་གཉེར་དང་མིའི་རིགས་ཀྱི་ཆེད་འཕེལ་རྒྱས་དོན་གཉེར་བྱ་རྒྱུ་དེ་འབད་འཐབ་དམིགས་ཚད་དུ་བྱས་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70ཙམ་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་། ཀྲུང་ཧྭ་མི་རིགས་ཉིད་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ཆེར་སོང་བའི་རླབས་ཆེན་མཆོང་སྐྱོད་བྱུང་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མདོར་བསྡུས་ན། ཀྲུང་གོའི་མི་དམངས་དུང་ཕྱུར་མང་པོའི་འཚོ་བ་ཉིན་བཞིན་ལེགས་སུ་ཕྱིན་པ་དེ་ཡིན།
            ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་གོང་འཕེལ་འགྲོ་བཞིན་ཡོད་ལ་འགྲོ་བ་མིའི་ཐོབ་ཐང་ཡང་ཡར་རྒྱས་འགྲོ་བཞིན་ཡོད། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་གྱི་རྩ་དོན་དང་དེང་རབས་ཀྱི་དོན་དངོས་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་འགྲོ་ལམ་དུ་སྐྱོད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་ཚུལ་ལག་བསྟར་བྱེད་པ། འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་དེ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཨང་དང་པོར་རྩི་བ། མི་དམངས་ཡོངས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། སྤྱི་ཚོགས། རིག་གནས། ཁོར་ཡུག་བཅས་ཀྱི་ཁེ་དབང་ཆེ་རུ་གཏོང་རྒྱུར་གཞོགས་འདེགས་བྱེད་པ། སྤྱི་ཚོགས་ཀྱི་འདྲ་མཉམ་དང་དྲང་བདེན་ལ་སྲུང་སྐྱོང་ཧུར་ཐག་བྱས་ནས་མིའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་མ་གཏོང་བཞིན་ཡོད།
          ཞི་ཅིན་ཕིང་གིས། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་ཞིབ་འཇུག་ལས་དོན་པས་དུས་བསྟུན་འཕེལ་རྒྱས་དང་བདེན་སྲུང་གསར་གཏོད་བྱས་ཏེ་མིའི་རིགས་ཀྱི་ཤེས་དཔལ་གྱི་སྣ་མང་རང་བཞིན་ཕུན་སུམ་ཚོགས་སུ་གཏོང་བ་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

  
style="display:none;"