མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དབང་དབྱང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཡན་ལག་ཚོགས་པ་དང་པོའི་སྣེ་ཁྲིད་དེ་ནན་ཉིང་དུ་མི་རིགས་ཁག་དང་
ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་13ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ནན་ཉིང་ནས་ཟླ་12ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་དབང་དབྱང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཡན་ལག་ཚོགས་པ་དང་པོའི་སྣེ་ཁྲིད་དེ་ནན་ཉིང་དུ་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་མཚོན་པར་གནང་སྟེ་ཚང་མ་དང་མཉམ་དུ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་པ་རེད།
         ཀོང་ཤིས་རྒྱལ་སྤྱིའི་ཀྲོང་ལུགས་གསོ་རིག་སྨན་ཁང་ནི་སྨན་བཅོས་དང་། སློབ་ཁྲིད་ཚན་ཞིབ། རྒྱལ་སྤྱིའི་སྤེལ་རེས་སོགས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་མི་རིགས་སྨན་ཁང་ཞིག་ཡིན་ཞིང་། ཚེས་11ཉིན་གྱི་སྔ་དྲོ། དབང་དབྱང་སོགས་དེ་གར་ཕེབས་ནས་སྨན་ཁང་འཛུགས་སྐྲུན་དང་གྲངས་ཉུང་མི་རིགས་ཀྱི་གསོ་རིག་སྨན་བཅོས་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་དང་། ཁྱད་ལྡན་ནད་བརྟག་སྨན་བཅོས་བྱེད་ཐབས་ལ་རྟོག་ཞིབ་གནང་བ་དང་འབྲེལ་ནད་པ་དང་སྨན་དོན་མི་སྣ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ཞིང་། ཁོང་གིས་ཀོང་ཤིས་ཀྱིས་གྲངས་ཉུང་མི་རིགས་ཀྱི་གསོ་རིག་སྨན་བཅོས་དང་བདེ་ཐང་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཐུན་མིན་གྱི་ལེགས་ཆ་ལྡན་ཡོད་པས་ཐོན་ཁུངས་ཀྱི་ལེགས་ཆ་དང་སྲིད་ཇུས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་གསོ་རིག་སྨན་བཅོས་ལ་བརྟེན་ནས་མི་དམངས་མང་ཚོགས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་ཐོག“བདེ་ཐང་ཀྲུང་གོའི”ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།
        དེ་རྗེས་དབང་དབྱང་སོགས་ཧྥུང་ལིང་པེ་སྡེ་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། དམངས་ཕན་ཞབས་ཞུ་ཚོམས་ཆེན་དང་། རོགས་རེས་རྒན་གསོའི་དང་བླངས་ཞབས་ཞུ་ས་ཚིགས། “མི་རིགས་ཁྱིམ་ཚང”བྱེད་སྒོ་ཁང་བཅས་སུ་དབང་དབྱང་གིས་ལས་དོན་མི་སྣ་དང་། དང་བླངས་པ། སྡེ་ཁུལ་གྱི་གྲོང་མི་བཅས་དང་སྤེལ་རེས་གནང་སྟེ་སྡེ་ཁུལ་གྱིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་དམངས་ཕན་ཞབས་ཞུ་སྤེལ་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་སྡེ་ཁུལ་ནི་ཏང་དང་སྲིད་གཞུང་གིས་གྲོང་མི་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཅིག་ཡིན་པས་སྡེ་ཁུལ་གྱི་དོ་དམ་དང་ཞབས་ཞུའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་བྱེད་པ། སྡེ་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ཚང་མར་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་དེ་བས་ཆེ་བ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
       ནཱ་ཁོ་ཆུ་བོའི་འདམ་རའི་སྤྱི་གླིང་དུ་དབང་དབྱང་སོགས་ཀྱིས་ནན་ཉིང་གྲོང་ཁྱེར་ནང་ཁུལ་གྱི་ཆུ་བོ་ཁྱབ་ཚུལ་དང་། འབབ་རྒྱུད་བཅོས་སྒྲིག་ལས་དོན་དང་དེ་བཞིན“འགྱིག་སོབ་གྲོང་ཁྱེར”འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་དང་སྦྲགས་ས་ཆ་དངོས་སུ་ཆུ་ལམ་བཅོས་སྒྲིག་གི་ཕན་འབྲས་ལ་གཟིགས་ཞིབ་གནང་བ་རེད། ཁོང་གིས་ནན་ཉིང་གྲོང་ཁྱེར་གྱིས་PPPབྱེད་ཐབས་ལ་བརྟེན་ནས་གྲོང་ཁྱེར་གྱི་ཆུའི་ཁོར་ཡུག་བཅོས་སྒྲིག་བྱེད་ཐབས་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། ཁོང་ཚོས་རྒྱལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཆེད་ཉམས་མྱོང་དེ་བས་མང་བ་འཚོལ་ཞིབ་བྱེད་རྒྱུའི་ཐུགས་རེ་གནང་བ་རེད། དབང་དབྱང་གིས་ཁོར་ཡུག་བཅོས་སྒྲིག་ནུས་པ་ཆེ་རུ་གཏོང་བ་དང་། སྣོད་བཅུད་ཁེ་སྤོགས་རིམ་བཞིན་སྤྲོད་རྒྱ་ཆེ་རུ་བཏང་སྟེ་སྣོད་བཅུད་ཁོར་ཡུག་ཡག་པོ་དེ་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་འཕར་གཞི་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།
        ཚེས་11ཉིན་གྱི་ཕྱི་དྲོ། དབང་དབྱང་སོགས་ཀྱིས་ནན་ཉིང་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ་དང་ཆབས་ཅིག་ནན་ཉིང་གྲོང་ཁྱེར་གྱིས་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིའི་གཏམ་བཤད་གསན་རྗེས། དབང་དབྱང་གིས་ནན་ཉིང་གི་འཕོ་འགྱུར་ཧ་ཅང་ཆེན་པོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60རིང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཀྱི་མཚོན་ཚུལ་ཞིག་དང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཤིག་ཡིན་ལ། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཕྱིན་པའི་གྲུབ་འབྲས་ཤིག་ཀྱང་རེད་ཅེས་གསུངས་ཤིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ཀོང་ཤིས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་དང་ལག་སྟར་གཏིང་ཟབ་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ། དཀའ་སྤྱད་སྙིང་རུས་དང་། དངོས་འཛིན་དངོས་སྒྲུབ། ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་པ་བཅས་བྱས་ཏེ་དུས་རབས་གསར་པའི་ནན་ཉིང་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་ལེའུ་རྩོམ་དགོས་ཞེས་གསུངས་པ་རེད།

  
style="display:none;"