མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བརྡ་ཐོ་བཏང་ནས་ལྟ་བཤེར་སྐུལ་ལྕག་བྱ་ཐབས་ཁག་24ནས་
ཁག་30བར་མང་དུ་གཏོང་རྒྱུ་ཡིན་པ། 
ས་གནས་ལ་སྐུལ་ལྕག་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་13ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

              ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་10ཉིན་གློག་འཕྲིན་འབྱོར་གསལ། དྲང་ཕྱོགས་ཀྱི་སྐུལ་ལྕག་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ས་གནས་ཁག་གིས་དོན་དངོས་ནས་འགོ་བརྩམས་ཏེ་ལས་སྒྲུབ་ལས་གཏོད་བྱེད་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་གང་ལེགས་འཕེལ་བ་དང་སྐོང་འཐེན་བྱས་ཏེ་འགན་འཁྲི་འཁུར་ཕོད་ལ་བྱ་སྤྱོད་ནུས་ལྡན་སྤེལ་ཐུབ་པ་དང་མཉམ་འགྲན་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་གཏོད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་གཞིར་བཟུང་། 2016ལོར་ལག་ལེན་བསྟར་བའི་ལྟ་བཤེར་སྐུལ་ལྕག་བྱ་ཐབས་ཁག་24ནས་ཁག་30བར་མང་དུ་བཏང་སྟེ་འབྲེལ་ཡོད་སྲིད་ཇུས་དང་བྱ་ཐབས་གལ་ཆེན་དོན་འཁྱོལ་བྱེད་རྒྱུར་དངོས་འཛིན་དངོས་སྒྲུབ་བྱེད་པའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་ས་གནས་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་དེའི་ཐད་བརྡ་ཐོ་བཀྲམ་ཡོད་པ་རེད།
              ཡང་དག་པའི་སྐུལ་ལྕག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཀྲུང་དབྱང་དང་ས་གནས་གཉིས་ཀྱི་ཧུར་སེམས་འདོན་སྤེལ་གང་ལེགས་བྱེད་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཉེ་ལམ་ལོ་ཤས་རིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ལྟ་བཤེར་སྐུལ་ལྕག་ལས་དོན་སྤེལ་རྒྱུ་མུ་མཐུད་འཚོལ་ཞིབ་བྱས་ནས་2016ལོའི་ཟླ་11པར《དངོས་འཛིན་དངོས་སྒྲུབ་ཀྱི་ཕན་འབྲས་མངོན་གསལ་དོད་པའི་ས་གནས་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》(རྒྱལ་གཞུང་སྤེལ﹝2016﹞ཡིག་ཨང་82པ)བཀྲམ་ནས་ཐེངས་དང་པོར་བརྒྱུད་རིམ་ལྡན་པའི་ངང་ལྟ་བཤེར་སྐུལ་ལྕག་བྱ་ཐབས་ཁག་24བཏོན་ཡོད། 
             2017ལོ་དང་2018ལོར། སྔ་རྗེས་སུ་ཁག་ཐེངས་གཉིས་ལ་བགོས་ནས་ས་གནས་ལ་ལྟ་བཤེར་སྐུལ་ལྕག་བྱ་ཐབས་400ལྷག་ཙམ་བཟོས་ཏེ་ས་གནས་ཀྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་མཉམ་འགྲན་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་ཕན་འབྲས་དང་ཚུར་སྣང་ལན་ཆ་བཟང་པོ་བྱུང་ཡོད་པ་རེད།
             ད་ཐེངས་ལེགས་སྒྲིག་བྱས་པའི་གཙོ་གནད་ནི་ལྟ་བཤེར་སྐུལ་ལྕག་བྱ་ཐབས་ཁག་9མང་དུ་བཏང་བ་དེ་ཡིན་ཞིང་། དེའི་ནང་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བའི་ཐད་ཁག་3ཡོད་པ་སྟེ། ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཆུ་བོ་དང་མཚེའུ་ཡི་དོ་དམ་སྲུང་སྐྱོང་ཕན་འབྲས་མངོན་གསལ་དོད་པའི་ཞིང་ཆེན་ལ་ནོར་སྲིད་ཐད་ནས་གཟིགས་སྐྱོང་བྱེད་པ་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་མངོན་གསལ་དོད་པའི་རྫོང་ལ་ནོར་སྲིད་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་ཐོན་པའི་ཞིང་ཆེན་ལ་མ་དངུལ་བགོ་བཤའ་རྒྱག་པའི་ཐད་གཟིགས་སྐྱོང་བྱེད་རྒྱུ་བཅས་ཚུད་ཡོད་པ་རེད། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཁག་3ཡོད་པ་སྟེ། དེའི་ནང་བརྗེ་སྒྱུར་ཕན་འབྲས་མངོན་གསལ་དོད་པའི་ཐོན་ཁུངས་དཀོན་པའི་གྲོང་ཁྱེར་ལ་མ་དངུལ་བཀོད་སྒྲིག་དང་སྒྱུར་བཅོས་སྔོན་ལ་བྱེད་པ་དང་ཚོད་ལྟ་སྔོན་ལ་བྱེད་པའི་ཐད་གཟིགས་སྐྱོང་བྱེད་རྒྱུ་དང་། ལས་རིགས་སློབ་གསོར་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་མངོན་གསལ་དོད་པའི་ཞིང་ཆེན་ལ་རྣམ་གྲངས་བཀོད་སྒྲིག་བྱེད་པའི་ཐད་གཟིགས་སྐྱོང་བྱེད་རྒྱུ། སྤུས་ཚད་ལས་དོན་གྱི་ཕན་འབྲས་མངོན་གསལ་དོད་པའི་གྲོང་ཁྱེར་དང་རྫོང་ལ་སྒྱུར་བཅོས་གསར་གཏོད་སོགས་ཀྱི་ཐད་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཚུད་ཡོད་པ་རེད། ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་འཇོག་བརྟན་པོ་ཡོང་བ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཐད་ཁག་3ཚུད་ཡོད་པ་སྟེ། དེའི་ནང་ཕྱི་ཕྱོགས་ཚོང་དོན་དང་ཕྱི་དངུལ་བརྟན་པོ་འཕར་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་ཧུར་ཐག་གཏོང་བའི་ཐད་ཕན་འབྲས་མངོན་གསལ་དོད་པའི་ཞིང་ཆེན་ལ་ཕྱི་ཕྱོགས་ཚོང་དོན་བརྗེ་སྒྱུར་རིམ་སྤོར་རྟེན་གཞི་སྐྱེད་སྲིང་བྱེད་པའི་ཁྲོད་སྔོན་ལ་རྒྱབ་སྐྱོར་བྱེད་རྒྱུ། གཞུང་ལམ་དང་ཆུ་ལམ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་གཏོང་མཁན་ཞིང་ཆེན་ལ་རྣམ་གྲངས་ལོ་གསུམ་གྱི་བབ་བསྟུན་འཆར་གཞིའི་ནང་འཇུག་རྒྱུ་དང་འཁོར་རིགས་ཉོ་བའི་དཔྱ་ཁྲལ་དང་གྲུ་ཁ་འཛུགས་སྐྲུན་གྱི་མ་དངུལ་སྔོན་ལ་བཀོད་སྒྲིག་བྱ་རྒྱུ། ཞིང་ལས་ཐོན་རྫས་འཁོར་རྒྱུག་དེང་རབས་ཅན་དང་། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཧུར་ཐག་གཏོང་བ་སོགས་ཀྱི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པའི་གྲོང་ཁྱེར་དང་རྫོང་ལ་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་སྤེལ་གཏོང་བ་དང་དྲ་ཐོག་ཚོང་དོན་ལ་བརྟེན་ནས་རྫོང་འཛུགས་སྐྲུན་བྱེད་པའི་ཐད་གཟིགས་སྐྱོང་བྱ་རྒྱུ་བཅས་ཚུད་ཡོད་པ་རེད།

  
style="display:none;"