མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས“2018ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ལ་ཞུགས་མཁན་ཕྱི་རྒྱལ་གྱི་སྐུ་མགྲོན་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་14ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས“2018ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ལ་ཞུགས་མཁན་ཕྱི་རྒྱལ་གྱི་སྐུ་མགྲོན་དང་མཇལ་འཛོམས་གནང་བ།

               ཟླ་12ཚེས་12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར“2018ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ལ་ཞུགས་མཁན་ཕྱི་རྒྱལ་གྱི་སྐུ་མགྲོན་དང་མཇལ་འཛོམས་གནང་ཞིང་། འདི་ནི་མཇལ་འཛོམས་མ་གནང་གོང་། ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་སྐུ་མགྲོན་དང་མཉམ་ཞུགས་སྐུ་པར་བསྐྱོན་བཞིན་པ།
             ཤིན་ཧྭ་གསར་འགྱུར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར“2018ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ལ་ཞུགས་མཁན་ཕྱི་རྒྱལ་གྱི་སྐུ་མགྲོན་དང་མཇལ་འཛོམས་གནང་བ་རེད།
             ཞི་ཅིན་ཕིང་གིས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ལོ་40རིང་གི་གྲུབ་འབྲས་དང་རེས་སྐོར་གསར་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་བྱ་ཐབས་གལ་ཆེན་གཙོ་གནད་ཐོག་ངོ་སྤྲོད་གནང་བ་དང་། ཀྲུང་གོ་དང་འཛམ་གླིང་གི་འབྲེལ་བ་རྒྱས་བཤད་གཏིང་ཟབ་གནང་བ་དང་ཆབས་ཅིག་ཕྱི་རྒྱལ་སྐུ་མགྲོན་གྱི་འཐུས་མིའི་གཏམ་བཤད་གསན་པ་རེད།
             ཞི་ཅིན་ཕིང་གིས་འདི་ལོའི“2018ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”གཉེར་བ་དེ་ཀྲུང་གོ་མི་དམངས་ཀྱིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་དང་ཏག་ཏག་འཁེལ་ཡོད། འགག་རྩའི་གདམ་ག་ཡིན་པའི་སྒྱུར་བཅོས་སྒོ་དབྱེ་ནི་གསར་བརྗེ་ཐེངས་གཉིས་པ་རེད་ཅེས་བརྗོད་ཆོག ལོ་40ཡི་རིང་། ཀྲུང་གོའི་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ནས་དཀོན་པོ་ནས་འབེལ་པོ་དང་དབུལ་པོ་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
            ཞི་ཅིན་ཕིང་གིས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེས་མི་དམངས་ལྟེ་བར་འཛིན་ཡོད། དུས་རབས་གསར་པར་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱད་ཆོས་གལ་ཆེན་ནི་མགྱོགས་མྱུར་འཕར་བ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བར་དང་། གྲངས་འབོར་འཕར་བ་ནས་སྤུས་ཚད་ལེགས་སུ་ཕྱིན་པ་དེ་ཡིན། དེ་བས་དོ་མཉམ་ཞིང་གང་ལེགས་ཀྱི་འཕེལ་རྒྱས་ཡོང་བར་བྱེད་པར་ངེས་པར་དུ་སྒྱུར་བཅོས་སྔར་བས་གཏིང་ཟབ་དང་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུར་བརྟེན་དགོས། འདི་ལོའི་ཟླ་4པར་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་ཐོག་ངས་ཁྲོམ་རའི་འཇུག་འཐུས་སྔར་བས་རྒྱ་ཆེར་གཏོང་བ་དང་། དེ་བས་ཡིད་དབང་འགུག་ཤུགས་ལྡན་པའི་མ་འཇོག་ཁོར་ཡུག་གཏོད་པ། ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། རང་འགུལ་ངང་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་སྒོ་དབྱེ་རྒྱ་ཆེར་གཏོང་བའི་བྱ་ཐབས་གལ་ཆེན་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་པ་ཡིན། 
            ཀྲུང་གོས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་། ངས་འགོ་ཚུགས་མཛད་སྒོའི་ཐོག་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་བྱ་ཐབས་གལ་ཆེན་གསར་པ་ཡང་བསྐྱར་ཁྱབ་བསྒྲགས་བྱས་པ་ཡིན། ཀྲུང་གོས་ཕྱོགས་མང་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད་པས་སྒོ་མོ་འབྱེད་རྒྱ་ཇེ་ཆེར་འགྲོ་སྲིད་ཅེས་ནན་བཤད་གནང་བ་རེད།
            ཞི་ཅིན་ཕིང་གིས་མིག་སྔར། ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་བརྩོན་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོ་ནི་སྔར་བཞིན་འཛམ་གླིང་ཐོག་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པས་མི་སེར་ཚང་མ་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱེད་རྒྱུ་ནི་ང་ཚོའི་འབད་འཐབ་ཀྱི་ཁ་ཕྱོགས་ཡིན་ལ་ཀྲུང་གོའི་དཔལ་འབྱོར་གྱི་མངོན་མེད་ནུས་པ་གནས་ས་གལ་ཆེན་ཞིག་ཀྱང་ཡིན། ཡོང་འབབ་ཀྱི་ཚད་གཞི་མཐོ་རུ་ཕྱིན་པ་དང་བསྟུན་ནས་ཀྲུང་གོ་མི་དམངས་ཀྱིས་སྤུས་ཚད་མཐོ་བའི་འཚོ་བ་བརྩོན་ལེན་བྱེད་པ་ལས་འཛད་སྤྱོད་ཀྱི་དགོས་མཁོ་དེ་བས་མང་དུ་འགྲོ་རྒྱུ་རེད། ང་ཚོས་ཀྲུང་གོའི་དཔལ་འབྱོར་ཡུན་རིང་འཕེལ་རྒྱས་ཡག་པོ་འགྲོ་བའི་གཞི་རྩའི་གནས་ཚུལ་ལ་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་ལ་ཀྲུང་གོའི་དཔལ་འབྱོར་མྱུར་ཚད་འབྲིང་སྟོད་ཀྱི་ཐོག་ནས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་ཆུ་ཚད་མཐོ་འབྲིང་ཕྱོགས་སུ་སླེབས་རྒྱུར་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་བ་རེད།
            ཞི་ཅིན་ཕིང་གིས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་ལམ་བུ་ནི་ཕྱོགས་མང་པོ་ཞིག་རེད། ཀྲུང་གོ་ནི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་ཧུར་ཐག་བྱེད་མཁན་དང་ལེགས་སྐྱེས་ཧུར་ཐག་འབུལ་མཁན་ཞིག་ཡིན་པ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་ཐོབ་ཡོད། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་གི་གོ་སྐབས་རེད། མཉམ་ལས་གཉིས་ཕན་མཐའ་འཁྱོངས་བྱས་ཚེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལམ་བུ་གཞི་ནས་ཤར་བགྲོད་ཐུབ་པ་དང་རྒྱང་རིང་དུ་སྐྱོད་ཐུབ་པ་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ལག་ལེན་ལས་ར་འཕྲོད་གང་ལེགས་ཐུབ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
            ཞི་ཅིན་ཕིང་གིས་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་འདོན་པའི་དམིགས་ཡུལ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཉམ་ལས་གཉིས་ཕན་གྱི་ལས་སྟེགས་གསར་པ་བསྐྲུན་ཆེད་རེད། གྲོས་འགོ་དེ་ཀྲུང་གོ་ནས་བྱུང་བ་དང་འཛམ་གླིང་ལ་གཏོགས་ཀྱི་ཡོད། ཀྲུང་གོས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྩ་དོན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་ཞི་བདེ་དང་། དར་རྒྱས། སྒོ་དབྱེ། ལྗང་མདོག གསར་གཏོད། ཤེས་དཔལ་བཅས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་གཞོལ་ནས་དེའི་ནང་ཞུགས་མཁན་རྒྱལ་ཁབ་ཁག་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཐོབ་པ་བྱེད་རྒྱུ་ཡིན། ཀྲུང་གོའི་ཕྱི་ཕྱོགས་མ་འཇོག་དང་ཐོན་ནུས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མཉམ་ལས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་བཟོ་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་ཁྲིད་ཐུབ་ཡོད་ལ་ས་གནས་དེ་གའི་དམངས་འཚོ་ལེགས་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་ཐེབས་ཡོད། རྒྱལ་ཁབ་ཁག“རྒྱུད་གཅིག་ལམ་གཅིག”གི་རོགས་ཟླའི་དྲ་རྒྱའི་ནང་ཞུགས་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་སྐྲུན་ཐུབ་པའི་ཟོལ་མེད་ཀྱི་རེ་བ་འཆང་གི་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"