མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དཔལ་འབྱོར་ལས་དོན་སྐོར་གྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་15ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

              ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་11ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ནས། འདི་ལོའི་དཔལ་འབྱོར་གནས་ཚུལ་དང་སང་ལོའི་དཔལ་འབྱོར་ལས་དོན་སྐོར་གྱི་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཞི་ཅིན་ཕིང་གིས། དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་གུང་ཀྲུང་དབྱང་གིས་དཔལ་འབྱོར་གནས་བབ་ཐད་གནང་བའི་དབྱེ་ཞིབ་བརྡར་གཅོད་དང་དཔལ་འབྱོར་ལས་དོན་ཐད་གནང་བའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས། ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་། རང་འགུལ་ངང་འགན་འཁྲི་འཁུར་བ། རྒྱ་ཆེའི་ཁོངས་མི་དང་འབྲེལ་གཏུག་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཁོང་ཚོའི་དཀའ་ངལ་ལས་རྣམ་པར་རྒྱལ་བ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་སེམས་ཤུགས་དང་ཆོད་སེམས་བརྟན་དུ་གཏོང་བ་བཅས་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
                ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། ཚང་མས་གཏམ་བཤད་གནང་སྐབས་འདི་ལོ་ཚུན་གྱི་དཔལ་འབྱོར་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། ད་དུང་མིག་སྔའི་དཔལ་འབྱོར་གྱི་དུས་བབ་ལ་ངོས་འཛིན་ཡང་དག་བྱེད་པ་དང་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་དམིགས་སའི་རང་བཞིན་དང་། དགེ་མཚན་ཆེ་བའི་བསམ་འཆར་མང་པོ་བཏོན་པར་ང་ཚོས་ཞིབ་འཇུག་ནན་ཏན་བྱས་ཏེ་བསྡུ་ལེན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
               ཞི་ཅིན་ཕིང་གིས། ལོ་40རིང་། སྒྱུར་བཅོས་སྒོ་དབྱེ་བྱས་པར་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རླབས་ཆེན་ཐོབ་ཡོད། གྲུབ་འབྲས་འདི་དག་ཐོབ་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད་ལ། དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་རྒྱ་ཆེའི་ཁོངས་མི་དང་འབྲེལ་གཏུག་བྱ་ཡུལ་མང་ཚོགས་ལ་སྒྱུར་བཅོས་ལས་དོན་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་པའི་བྱ་སྤྱོད་དངོས་དང་ཡང་ཁ་འབྲལ་ཐབས་མེད་ཅེས་གསུངས་པ་རེད།
               ཞི་ཅིན་ཕིང་གིས། འདི་ལོ་ནི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་འགོ་འཛུགས་ལོ་ཞིག་ཡིན་ལ། རང་རྒྱལ་གྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་སྤྱིར་བཏང་གཏན་ནས་མ་ཡིན་པའི་ལོ་ཞིག་ཀྱང་ཡིན། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ལ་དམིགས་ནས། ཀྲུང་གུང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་ལྟར། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཐོག་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། སྤུས་ཚད་ལེགས་པའི་འཕེལ་རྒྱས་བླང་བྱ་དོན་འཁྱོལ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱ་རྒྱུ་གཙོ་རྐང་དུ་བྱེད་པ། ཕྱི་རོལ་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བར་ཁ་གཏད་ནུས་ལྡན་གཅོག་པ། སྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་མགྱོགས་སུ་གཏོང་བ། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ། ལས་སྒྲུབ་ཏན་ཏིག་བཅས་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
            ཞི་ཅིན་ཕིང་གིས། སང་ལོའི་དཔལ་འབྱོར་ལས་དོན་སྒྲུབ་པར། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པར་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ། སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱ་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་བཅས་མཐའ་འཁྱོངས་བྱས་ཐོག་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་མུ་མཐུད་ཡག་པོ་བརྒྱབ་ནས་འབབ་འཕར་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་བརྟན་པོ་མུ་མཐུད་ལག་བསྟར་བྱས་ཐོག་སྒྱུར་བཅོས་ལས་སྒུལ་ཤུགས་འཕེལ་བར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་སྲིད་ཇུས་ཀྱི་ཐ་སྐྱོང་འགན་སྲུང་ནུས་པ་ཆེ་རུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྒྱུར་བཅོས་སྒོ་དབྱེའི་བྱེད་ཐབས་དང་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བྱེད་ཐབས་སྔར་བས་མང་པོ་སྤྱད་དེ་གྲུབ་འབྲས་སྔར་བས་ཏན་ཏིག་ཐོབ་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
           ཞི་ཅིན་ཕིང་གིས་དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་ཇུས་དང་ཤུགས་འདོན་རྒྱུ་སྟེ། སང་ལོའི་དཔལ་འབྱོར་ལས་དོན་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལྟར། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། དཔལ་འབྱོར་སྤུས་ཚད་ལེགས་པའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལས་རྒྱལ་བར་བྱེད་པ་སོགས་གཙོ་ཆེའི་གནད་དོན་ལ་དམིགས་ནས། གནས་ཚུལ་དངོས་རྩད་ཞིབ་དང་། གསལ་འདེབས་ཀྱི་སྐད་ཆ་བརྗོད་པ། ཇུས་བཟང་འདོན་པ་བཅས་བྱ་རྒྱུ་དང་། ཚང་མས་དམངས་གཙོའི་ལྟ་སྐུལ་འགན་ནུས་ཡག་པོ་བསྒྲུབས་ནས་ཐབས་དང་ཇུས་ཧུར་ཐག་འདོན་རྒྱུ། བསམ་བློའི་ཁྲིད་སྟོན་ལས་དོན་ཡག་པོ་བསྒྲུབས་ནས་རྒྱ་ཆེའི་ཁོངས་མི་དང་འབྲེལ་གཏུག་མང་ཚོགས་ལ་སྒྱུར་བཅོས་སྒོ་དབྱེ་བྱས་ཏེ་ལོ་40རིང་ཐོབ་པའི་གྲུབ་འབྲས་ཆེན་པོ་དང་ཉམས་མྱོང་རྩ་ཆེན་ངོས་འཛིན་གང་ལེགས་བྱས་ཐོག་སྒྱུར་བཅོས་དང་འཕེལ་རྒྱས་ཁྲོད་འཕྲད་པའི་འགལ་བ་དང་དཀའ་ངལ་ལ་དོན་དངོས་དང་མཐུན་པའི་ལྟ་སྟངས་བཟུང་ནས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་མཐའ་འཁྱོལ་བྱ་རྒྱུའི་ཐུགས་རེ་གནང་བ་རེད།

  
style="display:none;"