མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་2019ལོའི་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་ཞིབ་འཇུག་དང་། 
ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་ཞིབ་འཇུག་བཀོད་སྒྲིག་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་15ཉིན། 15:34】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

               ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་2019ལོའི་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་ཞིབ་འཇུག་གནང་བ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གསན་པ་དང་འབྲེལ། 2019ལོའི་ཏང་སྲོལ་སྲིད་གཙང་དང་རུལ་རྒོལ་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
              ཚོགས་འདུའི་ཐོག་ངོས་འཛིན་གནང་དོན། འདི་ལོ་ཚུན་དུ། འགྱུར་ལྡོག་མང་ལ་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལས་འགན་ལྕི་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ལ་ཕྱོགས་སྐབས། ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ། ཕྱི་ཕྱོགས་ཁོར་ཡུག་གི་འགྱུར་ལྡོག་གཏིང་ཟབ་ལ་ཁ་གཏད་ནུས་ལྡན་གཅོག་པ། ཞུམ་མེད་མདུན་སྐྱོད་དང་ལས་དོན་ཏན་ཏིག་སྤེལ་བ། སྒྱུར་བཅོས་སྒོ་དབྱེ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། སྤྱི་ཁོག་སྙོམས་སྒྲིག་གི་དམིགས་ཚད་ཅུང་ལེགས་པའི་ངང་ལེགས་སྒྲུབ་བྱེད་པ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་གྱི་འགོ་ཡག་པོ་རྩོམ་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། མི་དམངས་མང་ཚོགས་ལ་ཕན་པ་དེ་བས་མང་བ་ཐོབ་པ། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ཕྱོགས་སུ་གོམ་སྟབས་གསར་པ་སྤོས་ཡོད།
              ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། 2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་ཡིན་པའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་ལོ་ཞིག་རེད། ཕྱི་ལོའི་དཔལ་འབྱོར་ལས་དོན་ལེགས་པར་སྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲོམ་ར་ཅན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་དང་ཆུ་ཚད་མཐོ་བའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་སྐྲུན་པ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་མུ་མཐུད་ཡག་པོ་རྒྱག་པ། བྱེ་བྲག་བྱེད་པོའི་གསོན་ཤུགས་ནུས་ལྡན་འཕེལ་བར་བྱེད་པ། སྤྱི་ཁོག་སྙོམས་སྒྲིག་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བ། བརྟན་པོ་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས། ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་ཁུལ་དུ་གནས་རྒྱུ་རྒྱུན་འཁྱོངས་བྱེད་པ། ལས་ཞུགས་དང་། དངུལ་རྩ། ཕྱི་ཕྱོགས་ཚོང་དོན། ཕྱི་ཕྱོགས་མ་འཇོག སྔོན་དཔག་བཅས་སྔར་བས་བརྟན་པོ་ཡོང་བར་བྱེད་པ། ཁྲོམ་རའི་གདེང་ཚོད་ཆེ་རུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་བ། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་གྱི་འཕེལ་རྒྱས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཆེད་ཐག་གཅོད་རང་བཞིན་གྱི་རྨང་གཞི་འདིང་དགོས་པ་དང་། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་དགོས།
              ཚོགས་འདུའི་ཐོག་ནན་བཤད་གནང་དོན། རྒྱལ་སྤྱིའི་ཁོར་ཡུག་དང་རྒྱལ་ནང་གི་ཆ་རྐྱེན་ལ་འགྱུར་ལྡོག་ཕྱིན་པར་རྩོད་སྒྲུབ་ཀྱིས་ལྟ་སྟངས་འཛིན་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་དུས་སྐབས་ལ་དམ་འཛིན་དང་ཡག་པོ་སྤྱོད་པ། གདེང་ཚོད་བརྟན་གཏོང་དང་རང་འགུལ་སྟངས་འཛིན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་རང་ཉིད་ཀྱི་ལས་དོན་ལེགས་པར་སྒྲུབ་པ་བཅས་བྱེད་དགོས། འཐབ་ཇུས་ཀྱི་ངེས་གནས་རྒྱུན་འཁྱོངས་བྱེད་པ་དང་། ལས་དོན་ཏན་ཏིག་སྤེལ་རྒྱུར་མཐོང་ཆེན་བྱེད་པ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། འགལ་ཟླ་གཙོ་བོར་དམིགས་པ། ལས་ཀའི་དལ་ལྷོད་དང་སྤེལ་ཤུགས་ཁོང་དུ་ཆུད་པ་བཅས་བྱས་ནས་སྲིད་ཇུས་ཆ་སྒྲིག་ལེགས་ཤོས་ཆགས་པ་དང་སྤྱི་ཡོངས་ཀྱི་ཕན་འབྲས་ཆེ་ཤོས་ཐོན་པར་བྱེད་དགོས།
               ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། ཕྱི་ལོ་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་མུ་མཐུད་ཡག་པོ་རྒྱག་དགོས་ཤིང་། གཏན་འཁེལ་གྱི་བྱ་སྤྱོད་ཇུས་གཞི་གཞིར་བཟུང་། གནད་དོན་མངོན་གསལ་དོད་པོར་དམིགས་ནས་གཙོ་གནད་དམག་འཐབ་ཡག་པོ་རྒྱག་དགོས། བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཅན་གྱི་ཞབས་ཞུའི་ལས་རིགས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་དགོས། རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་ཆགས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་དམངས་དཔལ་འབྱོར་གྱི་སྤྱི་ཡོངས་རང་བཞིན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས“ཞིང་གསུམ”གྱི་འཕེལ་ཕྱོགས་ལེགས་པོ་མུ་མཐུད་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ས་ཁུལ་ཁག་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་དགོས། དཔལ་འབྱོར་གྱི་སྒྲིག་གཞི་སྒྱུར་བཅོས་མགྱོགས་མྱུར་བྱས་ནས་ཕྱོགས་ཡོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་དགོས། དམངས་འཚོ་འགན་ལེན་དང་ལེགས་བཅོས་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱིས་གླེང་མང་ལ་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས།
                ཚོགས་འདུའི་ཐོག་ནན་བཤད་གནང་དོན། དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གིས་དཔལ་འབྱོར་གྱི་ལས་དོན་ལ་འགོ་ཁྲིད་བྱེད་པའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལས་བྱེད་པས་འགན་འཁྲི་འཁུར་བ་དང་བྱ་སྤྱོད་སྤེལ་བར་སྐུལ་ལྕག་བྱེད་པ། སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ལས་ཀའི་བཀོད་སྒྲིག་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས།
              ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགོ་ནས་མཇུག་བར་ཁྱབ་པ་དང་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་བས། ཏང་ནང་ཁུལ་གྱི་ཆབ་སྲིད་ཀྱི་ཁོར་ཡུག་ལ་རྣམ་པ་གསར་པ་ཐོན་པ་དང་། རུལ་རྒོལ་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་གཞིའི་སྒྱུར་བཅོས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཏང་གིས་གཅིག་གྱུར་བཀོད་འདོམས་བྱེད་པ་དང་། ཕྱོགས་ཡོངས་ལ་ཁྱབ་པ། དབང་གྲགས་ལྡན་ལ་ཕན་འབྲས་ཆེ་བ་བཅས་ཀྱི་ལྟ་སྐུལ་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། གནད་དོན་ཤེས་རྟོགས་དང་དག་ཐེར་དོན་འཁྱོལ་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ་སྐོར་གཟིགས་སྐོར་ཞིབ་ཀྱི་ལས་དོན་སྲ་བརྟན་དང་གཏིང་ཟབ་སྤེལ་དགོས། སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་བློ་བརྟན་འགྱུར་མེད་ཀྱིས“སྤྱོད་ཚུལ་བཞི”ཡོ་བསྲང་དང་དར་སྲོལ་གསར་པ་འཛུགས་དགོས། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ལྟ་སྐུལ་གྱི་འགན་འཁྲི་ཨང་དང་པོ་ཏན་ཏིག་འཁུར་དགོས། རྩ་ལག་མཉམ་བཅོས་གཏིང་ཟབ་བྱས་ཏེ་རུལ་སུངས་ལ་ཆད་གཅོད་ཀྱི་ཟིལ་གནོན་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལས་དོན་ཁག་ལ་རྣམ་པ་གསར་པ་གཏོད་དགོས།
              ཚོགས་འདུའི་ཐོག རུལ་རྒོལ་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་འགན་ལྕི་ལ་ལམ་ཐག་རིང་བས་ངེས་པར་དུ“ནན་པོ”ཡུན་རིང་རྒྱུན་འཁྱོངས་བྱས་ཏེ་ཏང་གི་རང་བརྟེན་གསར་བརྗེར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་ཀྱི་ཆུ་ཚད་མཐོར་གཏོང་བཅས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱེད་པ། འཇིགས་བཀུར་མི་བྱེད་པ་དང་། ཡིད་འཇོག་མི་བྱེད་པ། འབོད་ཚིག་སྒྲོག་པ། ཕྱི་ཚུལ་ཙམ་བྱེད་པ་བཅས་ཀྱི་གནད་དོན་ལ་དམ་པོར་དམིགས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་མཐའ་གཅིག་ཏུ་ཐག་གཅོད་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་གཞི་ལམ་སྲོལ་གསར་གཏོད་བྱེད་པ་དང་ལྟ་སྐུལ་གྱི་འགན་འཁྲི་ཏན་ཏིག་དང་ཞིབ་ཚགས་ངང་འཁུར་བ་དང་། ཆབ་སྲིད་ཀྱི་སྐོར་གཟིགས་ཟབ་ཏུ་གཏོང་བ། སྐོར་གཟིགས་སྐོར་ཞིབ་ཀྱི་འཐབ་ཇུས་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་གཏན་གྱི་ལྟ་སྐུལ་དང་ཡུན་རིང་གི་ལྟ་སྐུལ་ཐད་འཚོལ་ཞིབ་གསར་གཏོད་དང་ཚད་བརྒལ་ནུས་ལྡན་ཡོང་བ་བཅས་བྱེད་དགོས། གསོག་འབོར་ཉུང་དུ་ནུས་ལྡན་གཏོང་བ་དང་གྲངས་འབོར་འཕར་བ་བཀག་འགོག་ནུས་ལྡན་བྱེད་པ་དང་། རུལ་རྒོལ་འཐབ་རྩོད་ལ་ཐོབ་པའི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་བཅོས་སྒྲིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

  
style="display:none;"