མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས《ང་ཚོའི་ལོ་ངོ་བཞི་བཅུ》པེ་ཅིང་དུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་16ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས《ང་ཚོའི་ལོ་ངོ་བཞི་བཅུ》པེ་ཅིང་དུ་འཚོགས་པ།

               མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་14ཉིན་གློག་འཕྲིན་འབྱོར་གསལ། རླབས་ཆེའི་འཕོ་འགྱུར་གྱིས་བརྗིད་ཆགས་ཉམས་ལྡན་གྱི་ལོ་རྒྱུས་སྙན་ངག་བརྩམས་པ་དང་། འབད་འབུངས་བསྐྱར་དར་གྱི་རྒྱང་སྐྱོད་ལམ་ནམ་ཡང་བརྗེད་མི་རུང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས《ང་ཚོའི་ལོ་ངོ་བཞི་བཅུ》ཚེས་14ཉིན་གྱི་མཚན་མོ་པེ་ཅིང་དུ་འཚོགས་པ་རེད། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ལྟད་མོ་བ་3000ལྷག་ཙམ་དང་མཉམ་དུ་འཁྲབ་སྟོན་ལ་གཟིགས་ནས་ལྷན་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40ཡི་རིང་གི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་ལ་ཕྱིར་དྲན་གནང་བ་རེད། 
                མི་དམངས་ཚོགས་ཁང་ཆེ་མོའི་མི་ཁྲི་ཤོང་བའི་ཚོམས་ཆེན་དུ་གློག་འོད་རབ་ཏུ་འཚེར་བ་དང་ཐོག་སོ་གཉིས་པའི་རྒྱང་ལྟའི་སྟེགས་བུར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱས་ཏེ་དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེ་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས་ཞེས་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད། གར་སྟེགས་ཀྱི་དབུས་སུ“1978”“1979”……སོགས་ལོ་40ཡི་ལོ་གྲངས་གྲལ་སྟར་བསྒྲིགས་ཏེ། འོད་ཟེར་འཕྲོ་བའི་འབད་འབུངས་ཀྱི་རྗེས་ཤུལ་མངོན་པར་བྱས་ཡོད། 
              ཆུ་ཚོད་19དང་སྐར་མ་55ལ་སྤྲོ་སྣང་དོད་པའི་རོལ་དབྱངས་ཀྱི་ཁྲོད་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ཚོམས་ཆེན་དུ་ཕེབས་ནས་སྒྱུར་བཅོས་སྒོ་དབྱེར་ཕུལ་དུ་བྱུང་བའི་ལེགས་སྐྱེས་འབུལ་མཁན་གྱི་གཟེངས་བསྟོད་ཐོབ་པའི་འཐུས་མིར་བྱམས་བརྩེའི་ཕྱག་བཏང་གནང་བ་དང་ཁོང་ཚོར་བླ་ན་མེད་པའི་གུས་འདུད་ཞུས་པར་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད། 
           “གནའ་བོའི་ས་གཞིར་དཔྱིད་རླུང་ལྡང་ནས་སྐྱེ་སྟོབས་འབར་བ་དང་། མཛེས་སྡུག་ལྡན་པའི་མཚོ་མོ་དར་ཁ་ཞིག་ནས་གསོན་ཉམས་ལྡན་པར་གྱུར། མདུན་སྐྱོད་གྱིས་ཤིག ལོ་ངོ་ལྔ་སྟོང་རིང་ང་ཚོས་རྦ་རླབས་རྡོག་པ་བརྫིས་ནས་མདུན་སྐྱོད་བྱས་ཏེ་མི་རིགས་བསྐྱར་དར་ཆེད་རྒྱང་སྐྱོད་ལམ་གསར་རྐྱང་དུ་སྐྱོད་བཞིན་ཡོད”གར་སྟེགས་ཀྱི་དབུས་སུ་གསེར་མདོག་ཅན་གྱི་ཏང་རྟགས་ལས་གསེར་འོད་ཆེམ་ཆེམ་འཕྲོ་བ་དང་མཉམ་གཞས《ངེད་ཚོའི་འགྲོ་ལམ》བླངས་ནས་མཚན་ཚོགས་ཧྲིལ་པོའི་ཡོལ་བ་ཕྱེ་བ་རེད། 
             མཚན་ཚོགས་དེ་འགོ་ཚུགས་པའི་གླུ་གཞས་དང་། ལེ་ཚན་གྱི་སྟོད་ཆ་དང་སྨད་ཆ། མཇུག་བསྡུ་བཅས་ལ་དབྱེ་ཞིང་། སྟོད་ཆ《བརྗིད་ཉམས་ལྡན་པའི་ཤར་ཕྱོགས་ཀྱི་རླབས་རྒྱུན》གྱིས་རོལ་དབྱངས་འཁྲབ་ཚན་ཐུང་གྲས་ཀྱི་རྣམ་པར་བརྟེན་ནས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་ཀྲུང་གོའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་སླར་ཡང་མངོན་པར་བྱས་ཡོད། གནས་ཚུལ་མཚོན་པའི་སྙན་ངག་གྱེར་འདོན《རླབས་ཆེའི་རྨོངས་གཉིད་ལས་སད་པ》ལས་མཚན་ཚོགས་ཀྱི་སྟོད་ཆར་མཐོ་རླབས་འཕྱུར་བ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྒྱུར་བཅོས་སྒོ་དབྱེར“སེམས་འགུལ་ཟབ་མོ་དང་ནམ་ཡང་གུས་བཀུར་ཞུ་ལུགས”མཚོན་པར་བྱས་ཡོད། 
            སྨད་ཆ《དུས་རབས་གསར་པར་འབད་པས་མདུན་སྐྱོད་བྱེད》རོལ་དབྱངས་ལེ་ཚན་6ལ་དབྱེ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཏེ་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་འགྲོ་བའི་བར་གྱི་རླབས་ཆེའི་འཕུར་སྐྱོད་བསུས་པ་ཕྱོགས་ཡོངས་ནས་མཚོན་ཡོད།
           《རྒྱུད་གཅིག་ལམ་གཅིག་གི་ཀློང་ཡངས་གླུ་གཞས》དང《འཛམ་གླིང་དང་ཁ་ཆད་བྱེད》ཅེས་པའི་ལེ་ཚན་གཉིས་ཀྱི་ནང“ཡངས་པའི་ས་གཞི་ཆེ་མོར་དར་གོས་ལམ་བུ་གསར་པ་འདིང་བ”ཞེས་པའི་ལྗོངས་རིས་ལ་མི་རྣམས་ཀྱི་ཡིད་དབང་འཕྲོགས་པ་དང་། “ངེད་ཚོ་ནི་ལས་དབང་གཅིག་མཐུན་གྱི་འདུས་གྲུབ་གཅིག་ཡིན”ཞེས་པའི་བསམ་འདུན་འབྱུང་འགྱུར་ལ་ཁྱབ་པར་བྱས་ཡོད། ཀོ་ལན་དབྱིང་སོགས་སྒྱུ་རྩལ་མཁས་ཅན་རྒན་གྲས་10ལྷག་ཙམ་གྱིས་སེམས་ནུས་ཡོད་རྒུ་བཏོན་ནས་རྒྱས་པར་བཏང་བའི་གྲགས་ཅན་གླུ་གཞས《ཀྲུང་གོ ང་ཁྱེད་ལ་དགའ》ཞེས་པས་མེས་རྒྱལ་དང་མི་དམངས་ལ་དགའ་ཞེན་ཟབ་མོ་འཆང་ལུགས་མཚོན་ཡོད། མཚན་ཚོགས་དེ《རླུང་བརྟེན་རླབས་གཤགས་བྱས་ཏེ་སླར་ཡང་སྒྱུར་བཅོས་བྱེད》ཅེས་པའི་གླུ་གཞས་ཁྲོད་མཇུག་འགྲིལ་བ་དང་། དེ་ལས་ཀྲུང་གོའི་མི་དམངས་ཀྱིས་རླུང་བརྟེན་རླབས་གཤགས་བྱས་ནས་སླར་ཡང་མདུན་དུ་ཕྱོགས་པ་དང་། སྒྱུར་བཅོས་སྒོ་དབྱེའི་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་མཚོན་པར་བྱས་ཡོད། 
             མཚན་ཚོགས་ཧྲིལ་པོར་རོལ་དབྱངས་དང་། ཞབས་བྲོ། ཟློས་གར། སྙན་ངག་གྱེར་འདོན། མཐོང་ཐོས་སྨྱན་སྦྱོར་སོགས་གར་སྟེགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ་ལོ་ངོ་40རིང་གི་བརྗིད་ཉམས་ལྡན་པའི་འཕོ་འགྱུར་ཆེན་པོ་སླར་ཡང་གསོན་ཉམས་དོད་པའི་སྒོ་ནས་མངོན་པ་དང་། ལོ་ངོ་40རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་སྣེ་ཁྲིད་ནས་བསྐྱར་དར་གྱི་ཕུགས་འདུན་ཆེད་མུ་མཐུད་འབད་འཐབ་བྱེད་པའི་བརྗིད་ཆེའི་ལོ་རྒྱུས་ཀྱི་ལམ་ཚད་མངོན་སུམ་དུ་མཚོན་པར་བྱས་པ། མི་དམངས་ཁྲི་ཚོ་དུང་ཕྱུར་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྒྱུར་བཅོས་སྒོ་དབྱེ་མཐར་ཕྱིན་པ་བྱེད་པའི་ཆོས་སེམས་དང་ཡིད་ཆེས་གང་ལེགས་མཚོན་པ་བཅས་རེད།

  
style="display:none;"