མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་19ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་གྱི་སྔ་དྲོ། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་བ་རེད།
       ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་40ཡི་ལག་ལེན་ལས་སྒྱུར་བཅོས་སྒོ་དབྱེ་ནི་ཏང་དང་མི་དམངས་ཀྱིས་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་པར་བྱེད་པའི་མཆོག་ནོར་རྩ་ཆེན་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་ལམ་བུ། དེང་སྐབས་ཀྱི་ཀྲུང་གོའི་ལས་དབང་ཐག་གཅོད་པའི་འགག་རྩའི་ཐབས་ཇུས་བཅས་རེད་ལ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་གཏན་འཁེལ་བྱེད་པའི་འགག་རྩའི་ཐབས་ཇུས་ཤིག་ཀྱང་ཡིན་པ་ར་སྤྲོད་གང་ལེགས་བྱུང་ཡོད།
       ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཚོགས་ཆེན་ལ་ཞུགས་པ་རེད།
       ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ཚོགས་རར་ཕེབས་སྐབས་ཚོགས་འདུར་ཞུགས་མཁན་ཚང་མས་ཡར་བཞེངས་ཏེ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།
       ཆུ་ཚོད་10པ་ཙམ་ལ་ལི་ཁེ་ཆང་གིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཞིང་། ཚང་མས་ཡར་བཞེངས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
       ཝང་ཧུའུ་ཉིང་གིས《སྒྱུར་བཅོས་སྒོ་དབྱེར་ཕུལ་བྱུང་ལེགས་སྐྱེས་འབུལ་མཁན་མི་སྣར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》སྒྲོག་སྦྱངས་གནང་བ་རེད། གཏན་འབེབས་ནང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡུས་མིན་སོགས་བློ་མཐུན་100ལ་སྒྱུར་བཅོས་ཀྱི་གདོང་ལེན་པའི་མཚན་སྙན་དང་སྒྱུར་བཅོས་ཀྱི་གདོང་ལེན་པའི་གཟེངས་རྟགས་སྤྲོད་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་བྱ་གཞག་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་ཆེད། ཨ་ལན·མེ་ལི་ཨའེ་སོགས་རྒྱལ་སྤྱིའི་མཛའ་གྲོགས་མི་སྣ་10ལ་ཀྲུང་གོའི་སྒྱུར་བཅོས་ཀྱི་མཛའ་གྲོགས་གཟེངས་རྟགས་སྤྲོད་རྒྱུ་ཡིན་ཞེས་བསྟན་ཡོད། ཚོགས་ཆེན་ཐོག་སྒྱུར་བཅོས་ཀྱི་གདོང་ལེན་པའི་མཚན་སྙན་དང་ཀྲུང་གོའི་སྒྱུར་བཅོས་ཀྱི་མཛའ་གྲོགས་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་སྒྲོག་སྦྱངས་བྱས་པ་རེད།
        སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། རང་རེའི་ཏང་གིས་སྒྱུར་བཅོས་སྒོ་དབྱེ་བྱ་རྒྱུའི་ལོ་རྒྱུས་རང་བཞིན་གྱི་ཐབས་ཇུས་བཏོན་པ་ནི་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ལ་སྟངས་འཛིན་ཟབ་མོ་བྱས་པར་གཞིགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་ལག་ལེན་ལ་ཕྱོགས་སྡོམ་ཟབ་མོ་བྱས་པར་གཞིགས་པ། དུས་རབས་ཀྱི་རླབས་རྒྱུན་ལ་མཐིལ་རྟོགས་ཟབ་མོ་བྱས་པར་གཞིགས་པ། མི་དམངས་མང་ཚོགས་ཀྱི་རེ་འདུན་དང་དགོས་མཁོར་གོ་བ་ཟབ་མོ་བླངས་པར་གཞིགས་པ་བཅས་ཀྱི་ཐོག་ནས་བཏོན་པ་ཞིག་རེད། སྒྱུར་བཅོས་སྒོ་དབྱེ་ནི་རང་རེའི་ཏང་གི་གོ་རྟོགས་རླབས་ཆེན་སད་པ་ཞིག་རེད། གོ་རྟོགས་རླབས་ཆེན་སད་པ་དེས་རང་རེའི་ཏང་གིས་རིགས་པའི་གཞུང་ལུགས་ནས་ལག་ལེན་བར་གྱི་གསར་གཏོད་རླབས་ཆེན་ཞིག་སྐྱེད་སྲིང་བྱས་ཡོད། སྒྱུར་བཅོས་སྒོ་དབྱེ་ནི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་རླབས་ཆེན་གྱི་གསར་བརྗེ་ཞིག་རེད། རླབས་ཆེན་གྱི་གསར་བརྗེ་དེས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རླབས་ཆེན་གྱི་མཆོང་སྐྱོད་དེར་སྐུལ་འདེད་བཏང་ཡོད།
         ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ། སྒྱུར་བཅོས་སྒོ་དབྱེ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ་བཅས་ནི་ལྔ་བཞིའི་ལས་འགུལ་སྤེལ་ཚུན་རང་རྒྱལ་དུ་ཐོན་པའི་ལོ་རྒྱུས་རང་བཞིན་གྱི་དོན་ཆེན་ཆེ་གྲས་གསུམ་རེད་ལ་ཉེ་རབས་ཚུན་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལམ་ཚད་རྡོ་རིང་ཆེན་པོ་གསུམ་པོ་དེ་ཡང་རེད། བློ་མཐུན་མའོ་ཙེ་ཏུང་གིས་ཚབ་བྱེད་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་ལེགས་སྒྲུབ་བྱས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་དེང་རབས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་མཐའ་དག་ལ་གཞི་རྩའི་ཆབ་སྲིད་ཀྱི་སྔོན་འགྲོ་དང་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིང་བ་དང་། བློ་མཐུན་ཏེང་ཞའོ་ཕིང་གིས་ཚབ་བྱེད་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ལྟེ་བ་དེ་དཔལ་འབྱོར་འཛུགས་སྐྲུན་ལ་བསྒྱུར་ཏེ་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་རང་བཞིན་གྱི་ཐབས་ཇུས་བཏོན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བདེ་བླག་ངང་བཏོད་པ། བློ་མཐུན་ཅང་ཙེ་མིན་གྱིས་ཚབ་བྱེད་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་སྒྱུར་བཅོས་དམིགས་ཚད་དང་གཞི་རྩའི་སྒྲོམ་གཞི་གཏན་འཁེལ་གནང་སྟེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་པ་བཏོད་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འདི་ཉིད་དུས་རབས་21པའི་ཕྱོགས་སུ་བདེ་བླག་ངང་སྐུལ་འདེད་བཏང་བ། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཚབ་བྱེད་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་དང་ཕྱོགས་ཡོངས་དང་། མཐུན་སྦྱོར། རྒྱུན་མཐུད་བཅས་ཀྱི་འཕེལ་རྒྱས་ལ་སྣང་ཆེན་བྱས་ཏེ་ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་ཐོབ་པའི་ངང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་བཏང་ཡོད།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་གསར་པར་ཕྱོགས་ཡོངས་ནས་ཞིབ་ལྟ་བྱས་ཤིང་། ལག་ལེན་ལ་ཕྱོགས་སྡོམ་དང་འབྱུང་འགྱུར་ལ་རྒྱང་ལྟ་བྱས་པ་བརྒྱུད་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཇི་འདྲ་ཞིག་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དང་ཇི་ལྟར་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱ་རྒྱུ་དང་འཕེལ་རྒྱས་གཏོང་རྒྱུའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་དེར་ལན་ཞིབ་ཕྲ་བརྒྱབ་སྟེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞིག་ཆགས་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་གཅིག་འདོམས་སྐུལ་འདེད་གཏོང་རྒྱུ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ཕྱོགས་ཁག་གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་རྒྱུ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད།
        ཞི་ཅིན་ཕིང་གིས་བསྟན་དོན། དཀའ་ཚེགས་ཆེན་པོ་ཁྱད་དུ་བསད། གཡུར་དུ་ཟ་བའི་འབྲས་བཟང་ཐོབ། ལོ་40ཡི་རིང་། ང་ཚོས་བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། བློ་ཁོག་ཆེན་པོས་ཚོད་ལྟ། དཔའ་ངར་ཆེན་པོས་སྒྱུར་བཅོས་བཅས་བྱས་ནས་གནམ་ས་གསར་པ་ཞིག་བཏོད་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་། དུས་སྐབས་གསར་པ་བཏོད་པ་ནས་དུས་རབས་གསར་པར་མཆོང་སྐྱོད་བྱས་པའི་བར་དང་འགོ་འཛུགས་ས་གསར་པར་ལངས་པ་ནས་དུས་རབས་གསར་པར་སླེབས་པའི་བར་གྱི་ལོ་40ཡི་རིང་སྐྱིད་སྡུག་མཉམ་མྱོང་བྱས་པ་དང་། ལོ་40ཡི་རིང་དཀའ་ངལ་ཁྱད་དུ་བསད་པ། ལོ་40ཡི་རིང་འབད་འབུངས་སྟོབས་བརྩོན་བྱས་ཤིང་། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་འཁྲིད་དེ་བརྗིད་ཆགས་ཉམས་ལྡན་དང་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་བརྩམས་པ་དང་སྐྱེ་བོ་ཀུན་ལ་སེམས་འགུལ་ཐེབས་པ་དང་སྤོབས་པས་རི་ཀླུང་འགུལ་ཐུབ་པའི་འབད་འཐབ་ཀྱི་བསྟོད་གླུ་ཞིག་བརྩམས་ཡོད།
        ཞི་ཅིན་ཕིང་གིས་རིགས་པའི་གཞུང་ལུགས་གསར་གཏོད་དང་། དཔལ་འབྱོར་འཛུགས་སྐྲུན། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། མེས་རྒྱལ་གཅིག་གྱུར། ཕྱི་འབྲེལ་ལས་དོན། ཏང་འཛུགས་སྐྱོང་སོགས་ཀྱི་ཐད་ནས་སྒྱུར་བཅོས་སྒོ་དབྱེའི་རླབས་ཆེན་གྲུབ་འབྲས་ཕྱོགས་སྡོམ་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། ལོ་40ཡི་རིང་ཐོབ་པའི་གྲུབ་འབྲས་ནི་གནམ་ནས་ཟགས་པ་ཞིག་མིན་ལ། མི་གཞན་གྱིས་གསོལ་རས་གནང་བ་ཞིག་དེ་བས་ཀྱང་མིན་པར། དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོའི་ལས་བརྩོན་དང་། བློ་གྲོས། དཔའ་ངར་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད། ང་ཚོས་ལོ་བཅུ་ཕྲག་འགའ་ཤས་ཀྱི་དུས་ཚོད་སྤྱད་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་བརྒྱ་ཕྲག་འགའ་ཤས་ནང་བསྐྱོད་པའི་བཟོ་ལས་ཅན་གྱི་ལོ་རྒྱུས་ཀྱི་ལམ་བུ་འགྲིམས་ཡོད། ཀྲུང་གོ་མི་དམངས་ཀྱིས་འབད་འཐབ་བྱས་པ་བརྒྱུད་མི་སྲིད་པ་དེ་ཡང་སྲིད་པར་བསྒྱུར་ཡོད། ང་ཚོས་མི་ཡུལ་གྱི་ངོ་མཚར་གཏོད་མཁན་ཀྲུང་གོ་མི་དམངས་ལ་སྤོབས་པ་ཆེན་པོ་སྐྱེ་གི་འདུག
       ཞི་ཅིན་ཕིང་གིས་བསྟན་དོན། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་བསགས་པའི་རྩ་ཆེའི་ཉམས་མྱོང་ནི་ཏང་དང་མི་དམངས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན། དེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ངོས་ནས་བརྗོད་ན་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པས། ངེས་པར་དུ་གཅེས་སྤྲས་སྔར་ལས་ལྷག་པ་དང་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པ་མ་ཟད། ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཀྱང་གཏོང་དགོས་པ་སྟེ། གཅིག་ནས་ཏང་གིས་ལས་དོན་ཚང་མར་འགོ་ཁྲིད་བྱེད་པ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་ཏང་གི་འགོ་ཁྲིད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་། “འདུ་ཤེས་བཞི”ཟབ་ཏུ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་སྒྱུར་བཅོས་སྒོ་དབྱེའི་གྲུ་གཟིངས་དེ་ཉིད་ཡང་དག་པའི་ཁ་ཕྱོགས་བརྒྱུད་རླབས་གཤག་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་མི་དམངས་ལྟེ་བར་འཛིན་པ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་སྐོང་བ་དང་། དམངས་སེམས་ལ་བསྟུན་པ་དང་། དམངས་འདོད་ལ་བརྩི་འཇོག དམངས་ཀྱི་གནས་ཚུལ་ལ་དོ་ཁུར། དམངས་འཚོར་གཞོལ་བ་བཅས་བྱས་ཏེ་མི་དམངས་ལ་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱས་ནས་མི་དམངས་ལ་དེ་བས་རང་རྟོགས་ངང་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་བྱ་གཞག་ཁྲོད་ཞུགས་རྒྱུའི་སྐུལ་ལྕག་གཏོང་དགོས་པ། གསུམ་ནས་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་ཀྱི་གནས་བབ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་ལག་ལེན་གྱི་རྨང་གཞིའི་སྟེང་གི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། དུས་རབས་ཀྱི་དྲི་བ་དང་མི་དམངས་ཀྱི་དྲི་བར་དུས་ཐོག་ཏུ་ལན་བཏབ་སྟེ་མར་ཁེ་སི་རིང་ལུགས་ཀྱི་འཕེལ་རྒྱས་ཀྱི་གནས་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ། བཞི་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་སྐྱོད་པ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་སྒྱུར་བཅོས་སྒོ་དབྱེའི་མདུན་སྐྱོད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་དགོས་པ། ལྔ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་བ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་རང་རྒྱལ་གྱི་ལམ་ལུགས་ཀྱི་ལེགས་ཆ་རྒྱུན་ཆད་མེད་པར་འདོན་སྤེལ་དང་ཆེ་རུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་བས་གནད་སྨིན་དང་དེ་བས་གཏན་འཇགས་ཡོང་བར་སྐུལ་འདེད་གཏོང་དགོས་པ། དྲུག་ནས་འཕེལ་རྒྱས་ནི་ལས་འགན་གལ་ཆེན་ཨང་དང་པོ་ཡིན་པ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་དངོས་པོའི་རྨང་གཞི་བརྟན་པོ་འདིང་དགོས་པ། བདུན་ནས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་བ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་འགྱུར་རྒྱུར་དར་སྤེལ་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་པ་བཅས་བྱས་ནས་ཚོང་དོན་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ། བརྒྱད་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ཀྱི་ནུས་པ། མང་ཚོགས་སྒྲིག་འཛུགས་ཀྱི་ནུས་པ། སྤྱི་ཚོགས་འབོད་སྐུལ་གྱི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། རུལ་སུངས་བ་ཡོད་དོ་ཅོག་མཐའ་གཅིག་ཏུ་མེད་པར་བཟོ་བ་བཅས་བྱས་ཏེ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་རྒྱུའི་འགན་ལེན་བྱེད་དགོས་པ། དགུ་ནས་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྒྱུར་འཕེལ་བརྟན་གསུམ་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། བློ་ཁོག་ཆེན་པོས་ཚོད་ལྟ་དང་གདོང་མཆོང་བྱ་རྒྱུའི་ལྕག་སྐུལ་བྱེད་དགོས་ལ་དངོས་ཐོག་བདེན་འཚོལ་དང་ལས་དོན་སྒྲུབ་མཁས་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱང་བྱས་ནས་སྒྱུར་བཅོས་སྒོ་དབྱེ་བརྟན་པོའི་ངང་ཡུན་རིང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་པ་བཅས་སོ།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེའི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཏང་གི་བཀོད་འདོམས་ལ་ཉན་པ་དང་། འཐབ་ན་རྒྱལ་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་ཅིག་འཛུགས་སྐྱོང་། འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཧུར་ཐག་འཛུགས་སྐྱོང་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་དང་། འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བཅས་བྱ་ཆེད་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཞིག་མཁོ་འདོན་བྱེད་དགོས།
         ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མོན་བས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་མཛད་ཕྱོགས་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལ་ནན་པོར་གཞིགས་ནས་ལས་དོན་སྒྲུབ་པ། ཤང་ཀང་དང་ཨའོ་མོན་དེ་བས་ལེགས་པའི་སྒོ་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་མཉམ་འདྲེས་ཐུབ་རྒྱུར་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བས་མེས་རྒྱལ་གྱི་མི་དམངས་དང་མཉམ་དུ་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་འགན་འཁྲི་མཉམ་དུ་འཁུར་བ་དང་མེས་རྒྱལ་དར་རྒྱས་དང་སྟོབས་འབྱོར་ལྡན་པའི་རླབས་ཆེའི་གཟི་བརྗིད་མཉམ་སྤྱོད་བྱེད་དུ་འཇུག་དགོས། མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་ཧྭའི་བུ་ཕྲུག་ཚང་མའི་ཐུན་མོང་གི་བསམ་འདུན་ཡིན་ལ་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་གནས་སའང་ཡིན། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་བྱེད་པ་དང་། ངོགས་གཉིས་དབར་གྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བའི་རྨང་གཞི་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ནས་ངོགས་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་སྐྲུན་དགོས།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རླབས་ཆེའི་ཕུགས་འདུན་ནི་སྒུག་པ་དང་འབོད་ནས་བྱུང་བ་ཞིག་མིན་པར་དཀའ་སྤྱད་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན། ང་ཚོ་ད་ཆ་གནས་ས་ནི་གྲུ་གཟིངས་ཆུ་གཞུང་དུ་སླེབས་སྐབས་རྦ་རླབས་དེ་བས་དྲག་པ་དང་མི་ལ་སྐེད་དུ་སླེབས་སྐབས་གཡང་དེ་བས་གཟར་བ་ལྟར་གྱི་དུས་སྐབས་ལ་སླེབས་ནས་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་དཀའ་ངལ་ཆེ་བ་དང་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཉེན་ཁ་ཆེ་བ་ཡིན་མོད། འོན་ཏེ་མདུན་སྐྱོད་མ་བྱས་ཚེ་རྗེས་ལུས་ཐེབས་པ་དང་མདུན་སྐྱོད་མ་བྱས་ཐབས་མེད་ཀྱི་དུས་སྐབས་ཤིག་ཏུ་སླེབས་ཡོད། སྒྱུར་བཅོས་སྒོ་དབྱེས་རི་ཀླུང་ཁྲི་སྟོང་མང་པོ་བརྒལ་མོད། ད་དུང་སྔར་བཞིན་ལ་བརྒྱབ་ཆུ་བརྒལ་བྱེད་དགོས་ཤིང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་འཕྲད་པའི་འགན་འཁྲི་དེ་བས་གཟི་བརྗིད་ལྡན་པ་དང་། ལས་འགན་དེ་བས་དཀའ་ཚེགས་ཆེ་བ། འགྲན་སློང་དེ་བས་ཛ་དྲག་པ། ལས་དོན་དེ་བས་རླབས་ཆེ་བ་བཅས་ཡོད། འགྲན་རྩོད་གཅིག་ཤོར་གཉིས་ཤོར་གྱི་དུས་རབས་འདིར་ང་ཚོས་ཁེངས་དྲེགས་དང་ང་རྒྱལ་དང་རང་ལམ་རང་བཀག་གཏན་ནས་བྱེད་མི་རུང་ལ། ཐེ་ཚོམ་དང་ཀ་རེ་ཀོ་རེ་ཡང་གཏན་ནས་བྱེད་མི་རུང་བར་ངེས་པར་དུ་རླབས་ཆེའི་འཐབ་རྩོད་དང་། རླབས་ཆེའི་འདུ་འགོད། རླབས་ཆེའི་བྱ་གཞག རླབས་ཆེའི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱས་ནས་ནམ་ཡང་རླབས་རྒྱུན་གྱི་མདུན་དུ་སྐྱོད་ཕོད་པ་དང་འབད་བརྩོན་ཆེན་པོས་འཐབ་རྩོད་བྱེད་ཕོད་པ་བྱེད་དགོས།
        ཞི་ཅིན་ཕིང་གིས་ཉེ་རབས་ཚུན་དུས་ཡུན་རིང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཀྲུང་གོ་མི་དམངས་ཀྱིས་དཀའ་སྡུག་གྲངས་ལས་འདས་པ་མྱངས་པ་དང་། བློས་གཏོང་ཁྲི་སྟོང་མང་པོ་བྱས་པ། འབད་འབུངས་རྫོགས་མཐའ་མེད་པ་བྱས་ཡོད། ད་ཆ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་བསགས་པའི་ནུས་ཚད་ཆེན་པོ་གང་ལེགས་ཐོན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཆེད་འགོག་ཐབས་མེད་པའི་སྟོབས་ཤུགས་ཆེན་པོ་བཏོན་དང་འདོན་མུས་ཡིན། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། སྒྱུར་བཅོས་སྒོ་དབྱེ་མཐར་ཕྱིན་པར་བྱེད་པ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཟམ་མི་ཆད་པར་མངོན་འགྱུར་ཡོང་བ་བཅས་བྱས་ཏེ་དུས་རབས་གསར་པར་ཀྲུང་ཧྭ་མི་རིགས་ཀྱི་ངོ་མཚར་གསར་པ་དེ་བས་ཆེ་བ་དང་འཛམ་གླིང་གིས་ལྟ་སྟངས་གསར་པ་འཛིན་པའི་ངོ་མཚར་གསར་པ་དེ་བས་ཆེ་བ་གཏོད་དགོས་ཞེས་བསྟན་གནང་བ་རེད།
       ལི་ཁེ་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་རླབས་ཆེའི་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་གནང་བ་དང་། ཀྲུང་གོ་མི་དམངས་ཀྱིས་སྒྱུར་བཅོས་སྒོ་དབྱེའི་བྱ་གཞག་ལ་ཕུལ་དུ་བྱུང་བའི་ལེགས་སྐྱེས་ཕུལ་བར་ཚད་མཐོའི་བསྔགས་བརྗོད་གནང་བ། སྒྱུར་བཅོས་སྒོ་དབྱེར་དུས་ད་ལྟ་བ་ལས་དུས་འདས་པ་མེད་པ་དང་ནམ་ཡང་ཚར་དུས་མེད་པ། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་མཐར་ཕྱིན་པ་བྱེད་དགོས་པ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྒམ་བརླིང་ལྡན་པའི་ངང་མངོན་གསལ་དུ་གསུངས་པ། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེ་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་ཟམ་མི་ཆད་པར་གཏོང་བ་བཅས་ཀྱི་དམིགས་ཚད་བླང་བྱ་ཁ་གསལ་བཏོན་གནང་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། སྒྱུར་བཅོས་སྒོ་དབྱེར་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར། དེ་བཞིན་འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་། ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་བཅས་ཀྱི་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
        རྟེན་འབྲེལ་ཚོགས་ཆེན་གྲོལ་རྗེས་ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་མི་སྣ་དང་གཉེན་ཉེའི་འཐུས་མིར་མཇལ་འཕྲད་གནང་བ་དང་འབྲེལ་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

ཟླ་12ཚེས་18ཉིན། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཚོགས་ཆེན་ལ་ཞུགས་པ།
ཟླ་12ཚེས་18ཉིན། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཚོགས་ཆེན་ལ་ཞུགས་པ།

  
style="display:none;"