མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་པེ་ཅིང་དུ་འགན་སྒྲུབ་གསལ་ཞུ་གནང་བར་ཕེབས་མཁན་ཚུའེ་ཧྲེ་ཨན་ལ་མཇལ་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་20ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་དབྱིང་ཐའེ་རུ་པེ་ཅིང་དུ་འགན་སྒྲུབ་གསལ་ཞུ་གནང་བར་ཕེབས་མཁན་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུའེ་ཧྲེ་ཨན་ལ་མཇལ་འཕྲད་གནང་བ་དང་འབྲེལ་ཁོང་གིས་ཞུས་པའི་ཨའོ་མོན་གྱི་མིག་སྔའི་དུས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་ཀའི་གནས་ཚུལ་གྱི་སྙན་སེང་ཡང་གསན་པ་རེད།
      ཞི་ཅིན་ཕིང་གིས་ལོ་གཅིག་རིང་སྲིད་འཛིན་དཔོན་ཚུའེ་ཧྲེ་ཨན་གྱིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་སྣེ་ཁྲིད་དེ་འགན་འཁྲི་ལག་བསྟར་ནན་པོ་དང་བརྟན་འཁྱོངས་ཇུས་བསྟར་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་དང་གཞི་རྩའི་བཅའ་ཁྲིམས་ལག་བསྟར། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། ཀོང་ཀང་ཨའོ་བཅས་ཀྱི་ཁུག་ཆེན་ཁུལ་འཛུགས་སྐྲུན་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུའི་ནང་ཧུར་ཐག་ཞུགས་པ། དཔལ་འབྱོར་འོས་འཚམ་སྣེ་མང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། དམངས་འཚོའི་བདེ་སྐྱིད་ཟབ་ཏུ་བཏང་བ། གེགས་འགོག་དང་གནོད་འཚེ་ཉུང་གཏོང་གི་མ་ལག་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་པ་བཅས་བྱས་པར་བརྟེན་ཨའོ་མོན་སྤྱི་ཚོགས་ལས་རིགས་ཁག་གི་གདེང་འཇོག་རྒྱ་ཁྱབ་ཐོབ་ཡོད། ཀྲུང་དབྱང་གིས་སྲིད་འཛིན་དཔོན་ཚུའེ་ཧྲེ་ཨན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་གདེང་འཇོག་གང་ལེགས་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
       ཞི་ཅིན་ཕིང་གིས་ཟླ་བ་གཅིག་ལྷག་ཙམ་གྱི་གོང་དུ་ངས་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་མཁན་ཤང་ཀང་དང་ཨའོ་མོན་ལས་རིགས་ཁག་གི་འཚམས་འདྲི་ཚོགས་པ་དང་ཐུགས་འཕྲད་བྱེད་སྐབས་ཤང་ཀང་དང་ཨའོ་མོན་གྱིས་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེའི་ནང་བཏོན་པའི་དམིགས་བསལ་གྱི་ནུས་པ་དང་ལེགས་སྐྱེས་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་བྱས་པ་མ་ཟད། དུས་རབས་གསར་པའི་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་ནང་ཤང་ཀང་དང་ཨའོ་མོན་ལ་སྔར་བཞིན་དམིགས་བསལ་གྱི་གནས་བབ་དང་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་པ་དང་སྔར་བཞིན་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད། སྤུན་ཟླ་ཨའོ་མོན་བ་ཚོས་ངེས་པར་དུ་གོ་སྐབས་དམ་འཛིན་དང་བབ་བསྟུན་འཕྲལ་སྒྲུབ་བྱས་ཏེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་ཞུགས་ཏེ་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིད་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པའི་ཐོག་ནས་ཕྱི་ལོ་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བར་བསུ་བ་ཞུ་རྒྱུའི་ཡིད་ཆེས་ང་ལ་ཡོད་ཅེས་གསུངས་པ་རེད།

  
style="display:none;"