མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་བདུན་གྱི་གསར་དུ་བསྐོ་གཞག་བྱས་པའི་གཞུང་ཚབ་ཆེ་མོ་བས་
ཕུལ་བའི་རྒྱལ་ཡིག་དང་ལེན་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་20ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་བདུན་གྱི་གསར་དུ་བསྐོ་གཞག་བྱས་པའི་གཞུང་ཚབ་ཆེ་མོ་བས་ཕུལ་བའི་རྒྱལ་ཡིག་དང་ལེན་གནང་བ་རེད།
       དགུན་དུས་ཀྱི་པེ་ཅིང་དུ་ཉི་འོད་རབ་ཏུ་འཕྲོ། མི་དམངས་ཚོགས་ཁང་ཆེ་མོའི་བྱང་སྒོའི་རྡོ་སྐས་སྟེང་དུ་བཏིང་བའི་ས་གདན་དམར་པོའི་ངོགས་གཉིས་སུ་གུས་དམག་ཀྲོང་ངེར་ལངས་ནས་ཡོད། དུང་བརྡ་གཏོང་མཁན་གྱིས་མགྲོན་བསུའི་དུང་བརྡ་བཏང་མ་ཐག་གཞུང་ཚབ་ཆེ་མོ་བ་རྣམས་སྔ་རྗེས་སུ་འབྱོར་བ་དང་སིའུ་འཛེགས་ནས་པེ་ཅིང་ཚོམས་ཆེན་དུ་བསྐྱོད་པ་རེད། “པེ་ཅིང་གི་ཐུར་ལྟའི”ས་བཀྲའི་མདུན་དུ་གཞུང་ཚབ་ཆེ་མོ་བ་ཚོས་གཅིག་རྗེས་གཉིས་མཐུད་ངང་ཞི་ཅིན་ཕིང་ལ་རྒྱལ་ཡིག་ཕུལ་བ་དང་། ཞི་ཅིན་ཕིང་གིས་ཁོང་ཚོ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་མ་ཟད། མཉམ་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད། གསར་དུ་བསྐོ་གཞག་བྱས་པའི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་བདུན་ནི་ཀྲུང་གོར་བཅའ་སྡོད་སི་ཕེན་གྱི་གཞུང་ཚབ་ཆེ་མོ་བ་ཏེ་སི་ཁ་ལི་ཡར་དང་། ཀྲུང་གོར་བཅའ་སྡོད་སོ་མ་ལིའི་གཞུང་ཚབ་ཆེ་མོ་བ་ཨ་ཝ་ལའེ། ཀྲུང་གོར་བཅའ་སྡོད་སུའུ་རི་ནམ་གྱི་གཞུང་ཚབ་ཆེ་མོ་བ་ཁྲེན་ཅ་ཧུའེ། ཀྲུང་གོར་བཅའ་སྡོད་འར་་ཡའི་གཞུང་ཚབ་ཆེ་མོ་བ་ཁ་ལན་ཏི་ཡ། ཀྲུང་གོར་བཅའ་སྡོད་པར་ཙིར་གྱི་གཞུང་ཚབ་ཆེ་མོ་བ་ཝ་ལའེ། ཀྲུང་གོར་བཅའ་སྡོད་མ་ཏ་ཀ་སི་ཁར་གྱི་གཞུང་ཚབ་ཆེ་མོ་བ་ལ་ཀྲ་ཧྥེ་མན་ཏིང་པི། ཀྲུང་གོར་བཅའ་སྡོད་དབྱི་རན་གྱི་གཞུང་ཚབ་ཆེ་མོ་བ་ཁེ་ཧྲ་ཝར་ཙེ་ཀྲ་ཏེ་བཅས་ཡིན་པ་རེད།
        ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁག་གི་གཞུང་ཚབ་ཆེ་མོ་བ་ཀྲུང་གོར་ལས་གནས་གསར་པ་བཞེས་པར་ཕེབས་པར་དགའ་བསུ་ཞུ་རྒྱུ་དང་། ཁྱེད་ཚོས་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣ་དང་མི་དམངས་ལ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་ཞུ་གནང་རོགས་ཞུ་རྒྱུ་ཡིན། འདི་ལོ་ནི་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་ཡིན་པ་དང་། ང་ཚོས་སྒྱུར་བཅོས་སྒོ་དབྱེ་མཐར་ཕྱིན་པ་བྱ་རྒྱུ་ཡིན། ཀྲུང་གོས་རྒྱལ་ཁབ་ཁག་དང་མཛའ་གྲོགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པ་དང་ཕྱོགས་གཉིས་དབར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་མཉམ་དུ་ལག་གདང་སྦྲེལ་ནས་འཛམ་གླིང་ཞི་བདེ་དང་མིའི་རིགས་ཐུན་མོང་འཕེལ་རྒྱས་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད། ཀྲུང་གོ་སྲིད་གཞུང་གིས་གཞུང་ཚབ་ཆེ་མོ་བ་ཚོས་ལས་འགན་བསྒྲུབ་རྒྱུར་སྟབས་བདེ་བསྐྲུན་རྒྱུ་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཁྱེད་རྣམ་པས་ཀྲུང་གོ་དང་འབྲེལ་ཡོད་རྒྱལ་ཁབ་དབར་གྱི་ཕྱོགས་གཉིས་ཀྱི་འབྲེལ་བ་དང་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
       གཞུང་ཚབ་ཆེ་མོ་བ་ཚོས་རང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གནང་བའི་མཛའ་བརྩེའི་འཚམས་འདྲི་བརྒྱུད་ཞུ་གནང་ནས་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཚེས་18ཉིན་གྱི་སྔ་དྲོ་བདེ་བླག་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། ཁོང་ཚོས་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱས་པས་འཛམ་གླིང་ལ་གོ་སྐབས་ཆེན་པོ་སྦྱིན་ཡོད། རྒྱལ་ཁབ་ཁག་གིས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། དེའི་ནང་ཧུར་ཐག་ཞུགས་ཏེ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་དང་། ཁོང་ཚོས་ལས་འགན་འཁུར་ཡུན་ནང་རང་སོ་སོའི་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་འགྲོ་འོང་དང་མཉམ་ལས་བྱེད་ཟབ་ཏུ་གཏོང་བའི་ཐད་མཐའ་གཅིག་ཏུ་གཞོལ་རྒྱུ་ཡིན་ཞེས་གསུངས་པ་རེད།
        རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།

  
style="display:none;"