མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་དང་རྒྱ་གར་གྱི་རིམ་པ་མཐོ་བའི་མི་ཆོས་སྤེལ་རེས་ལམ་སྲོལ་གྱི་ཚོགས་འདུ་ཐེངས་
དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་23ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་ཀྲུང་གོ་དང་རྒྱ་གར་གྱི་རིམ་པ་མཐོ་བའི་མི་ཆོས་སྤེལ་རེས་ལམ་སྲོལ་གྱི་ཚོགས་འདུ་ཐེངས་དང་པོ་རྡི་ལི་གསར་པར་འཚོགས་པར་རྟེན་འབྲེལ་ཞུས་པ་རེད།
       ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་ཀྲུང་གོ་དང་རྒྱ་གར་གཉིས་ཀ་ཤེས་དཔལ་གྱིས་ཕྱུག་པའི་གནའ་བོའི་རྒྱལ་ཁབ་ཡིན་པས་ལོ་རྒྱུས་ཡུན་རིང་དང་བཀྲག་མདངས་འཚེར་བའི་རིག་གནས་ལྡན་ཡོད། ཤེས་དཔལ་ཆེན་པོ་གཉིས་དབར་སྔར་ནས་སྤེལ་རེས་དམ་ཟབ་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་མིའི་རིགས་ཀྱི་འཕེལ་རྒྱས་ཡར་ཐོན་ལ་ཐུན་མོང་ཐོག་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
        མིག་སྔར། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་དགེ་མཚན་ལྡན་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བ། དངོས་སྒྲུབ་མཉམ་ལས་ཐད་མགྱོགས་མྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་མི་ཆོས་སྤེལ་རེས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཕྱིན་པ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ལ་འབྲེལ་གཏུག་དང་མཐུན་སྦྱོར་རྒྱུན་འཁྱོངས་ཐུབ་པ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་ཡོད། ལག་ལེན་དངོས་ལས་ཀྲུང་གོ་དང་རྒྱ་གར་དབར་འབྲེལ་བ་ཡག་པོ་བྱུང་ན་རྒྱལ་ཁབ་གཉིས་པོར་ཕན་པ་དང་འཛམ་གླིང་ཡོངས་ལ་ཕན་པའི་ར་སྤྲོད་ཐུབ་ཡོད་ཅེས་གསུངས།
       ཞི་ཅིན་ཕིང་གིས་ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་རིམ་པ་མཐོ་བའི་མི་ཆོས་སྤེལ་རེས་ལམ་སྲོལ་ཡག་པོ་སྤྱོད་པ་དང་ཀྲུང་གོ་དང་རྒྱ་གར་གྱི་ཤར་ཕྱོགས་ཀྱི་ཤེས་དཔལ་ཆེ་ཁག་གཉིས་ཀྱི་རིག་གནས་ནང་དོན་ཟབ་མོ་སྤྱད་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་བསམ་བློའི་སྤེལ་རེས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོས་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་དེ་བས་དམ་ཟབ་འཛུགས་པར་རོགས་སྐུལ་བྱ་རྒྱུའི་ཐུགས་རེ་གནང་བ་རེད།

  
style="display:none;"