མི་དམངས་དྲ་བ།>>ཞི་ཅིན་ཕིང་།

༄༅༎ ཀྲུང་ཅི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་40འཁོར་བར་ཕན་ཚུན་རྟེན་འབྲེལ་ཞུས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་09ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

         མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅི་པོའུ་ཐིའི་ཙུང་ཐུང་ཀའེ་ལའེ་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་དབར་འབྲེལ་བ་བཙུགས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུས།
         ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། འབྲེལ་བ་བཙུགས་ནས་ལོ་40སོང་བའི་རིང་ལ། ཀྲུང་ཅི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་བྱུང་ལ། ཕྱོགས་གཉིས་པོས་ཕན་ཚུན་གྱི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ལ་ཕན་ཚུན་བསམ་ཤེས་དང་ཕན་ཚུན་རྒྱབ་སྐྱོར་བྱས་པས། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། 2017ལོའི་ཟླ་11པར། ཁྱེད་རང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་ལ། ང་ཚོས་ཀྲུང་ཅི་རྒྱལ་ཁབ་གཉིས་པོའི་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པ་མཉམ་དུ་ཁྱབ་བསྒྲགས་བྱས་པ་ཡིན། ན་ནིང་ཟླ་9པར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་དབུ་ཚོགས་ལ་ཞུགས་བའི་རིང་ལ། ང་ཚོར་ཀྲུང་ཅི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཐུན་མོང་གི་ངོས་འཛིན་གསར་པ་བྱུང་ཡོད་པ་མ་ཟད། ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་བསམ་ཤེས་དྲན་ཐོར་མིང་རྟགས་འགོད་པར་དཔང་པོ་བྱས་པ་ཡིན། ངས་ཀྲུང་ཅི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཡོད་ལ། ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་དབར་འབྲེལ་བ་བཙུགས་ནས་ལོ་40 འཁོར་བའི་གོ་སྐབས་འདིར། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྲ་བརྟན་དུ་གཏོང་ལ། “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱས་ནས་ཀྲུང་ཅི་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སྤེལ་འདོད་ཡོད་ཅེས་གསུངས་པ་རེད། 
         ཀའེ་ལའེ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་། 1979ལོའི་ཟླ1ཚེས8ཉིན་ནི་ཅི་ཀྲུང་དབར་གྱི་འབྲེལ་བའི་རྨང་གཞི་བཏིང་བའི་རང་བཞིན་ལྡན་པའི་དུས་སྐབས་ཡིན་ལ། ངས་ལོ་40རིང་ཅི་ཀྲུང་དབར་གྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་བྱུང་བར་བློ་ཡིད་ཚིམ་པ་དང་སྤོབས་པ་སྐྱེད་ཀྱི་འདུག 2017ལོའི་ཟླ་11པར། ང་ཚོས་མཉམ་དུ་ཅི་ཀྲུང་གི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་གཏན་འཁེལ་བྱེད་རྒྱུའི་ཐག་བཅད་པ་ཡིན། དེས་ཕྱོགས་གཉིས་པོས་ཅི་ཀྲུང་དབར་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བའི་ཆོད་སེམས་གང་ལེགས་མཚོན་ཡོད་ལ། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལའང་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་རེད། ཅི་པོའུ་ཐི་ཡིས་སེམས་གཏིང་ནས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་རོགས་སྐྱོར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་ནས་མཐའ་གཅིག་ཏུ་ལག་བསྟར་བྱ་རྒྱུ་ཡིན། ངས་ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཅི་ཀྲུང་གི་འབྲེལ་བ་རྒྱུད་ཆད་མེད་པར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད།

  
style="display:none;"