མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐོ་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་16ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

༄༅།།ཞི་ཅིན་ཕིང་དང་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐོ་གྲོས་མོལ་གནང་བ།

       ཟླ་1ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐོ་དང་གྲོས་མོལ་གནང་བ་རེད། གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མའི་ནང་ཉི་ཉི་སི་ཐོར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་ཤིང་། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕིང་ལི་ཡོན་རྣམ་གཉིས་ཀྱིས་ཉི་ཉི་སི་ཐོ་དང་ཁོང་གི་སྐུ་ཟླ་དང་ལྷན་བཞུགས་སྐུ་པར་བསྐྱོན་བཞིན་པ།
       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐོ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཧྥིན་འབྲེལ་བ་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་གཏོད་རྒྱུའི་མོས་མཐུན་གཅིག་གྱུར་གནང་བ་རེད།
        ཞི་ཅིན་ཕིང་གིས་ཀྲུང་ཧྥིན་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་བྱ་རྒྱུ་མཐའ་འཁྱོངས་དང་། སྒོ་དབྱེ་བསྟུན་མཁས་ཀྱི་རྣམ་འགྱུར་རྒྱུན་འཁྱོངས། རང་ངོས་ཀྱི་འཕེལ་རྒྱས་ལམ་བུར་བརྩི་འཇོག ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་ལ་ལྟ་རྟོག ཀྲུང་ཧྥིན་འབྲེལ་བའི་ཆབ་སྲིད་ཀྱི་གཞི་རྩ་སྲུང་སྐྱོང་། ཀྲུང་ཧྥིན་འབྲེལ་བ་ཡུན་རིང་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གསར་གཏོད་སྒུལ་ཤུགས་སུ་བྱས་ཏེ་དངོས་སྒྲུབ་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱ་སྐྱེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་རེ་འདོད་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས། ཧྥིན་ལན་གྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱས་ཏེ་ཧྥིན་ལན་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་པའི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་སོགས་ལས་བྱུང་བའི་སྟབས་བདེའི་ཆ་རྐྱེན་གང་ལེགས་སྤྱད་དེ་ཕྱོགས་གཉིས་པོའི་ཚོང་དོན་ལ་སྐུལ་མ་གཏོང་བ་དང་། ཕྱོགས་གསུམ་དབར་མཉམ་ལས་བྱེད་པ། བྱང་སྣེའི་མཚོ་ཐོག་འགྲུལ་ལམ་གསར་སྤེལ་སོགས་རྣམ་གྲངས་ཐད་ཀྱི་མཉམ་ལས་ཀྱི་གོ་སྐབས་ཞིབ་དཔྱད་ཀྱིས་ཐུན་མོང་ཐོག“འཁྱགས་ཐོག་དར་གོས་ལམ་བུ”བསྐྲུན་ནས་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོ་ཕན་ཚུན་འབྲེལ་མཐུད་ཐུབ་རྒྱུར་སྐུལ་མ་གཏོང་དགོས། མི་ཆོས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ང་དང་སྐུ་ཞབས་ཙུང་ཐུང་མཉམ་དུ“2019ལོའི་ཀྲུང་ཧྥིན་གྱི་དགུན་དུས་ལུས་རྩལ་ལོ”འགོ་འཛུགས་རྒྱུ་ཡིན་པས་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་དགུན་དུས་ལུས་རྩལ་མཉམ་ལས་ཀྱི་མིག་དཔེ་གཏོད་རྒྱུའི་རེ་བ་ཡོད། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་ལ་སྐུལ་མ་གཏོང་བ་དང་། རྒྱལ་སྤྱིའི་ལས་དོན་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཐུན་མོང་ཐོག་སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། ཕྱོགས་མང་རང་མོས་ཚོང་དོན་སྒྲིག་གཞི་སྲུང་སྐྱོང་བྱེད་པ། གནམ་གཤིས་འགྱུར་ལྡོག་སྐོར་གྱི《ཕ་རི་སི་གྲོས་ཆོད》དོན་འཁྱོལ་བྱེད་པ། འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་དང་། རྒྱུན་མཐུད། དོ་སྙོམས། བསྟུན་མཁས་བཅས་ཀྱི་སྒོ་ནས་འཕར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་དང་མཉམ་དུ་བྱང་སྣེའི་ལས་འཛིན་ལྷན་ཚོགས་ཀྱི་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་བྱང་སྣེ་ས་ཁུལ་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
        ཉི་ཉི་སི་ཐོ་ཡིས་ཧྥིན་ཀྲུང་འབྲེལ་བ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ཧྥིན་ལན་གྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ཀྲུང་གོའི་ནུས་པར་མཐོང་ཆེན་བྱེད་པ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་ལ་གཅེས་སྤྲས་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུའི་གྲོས་འགོ་དེ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པས་ཧྥིན་ལན་གྱིས་དགེ་མཚན་ལྡན་པའི་ནུས་པ་བཏོན་ཏེ་གྲོས་འགོ་དེ་ཡོ་རོབ་མནའ་འབྲེལ་དང་འབྲེལ་མཐུད་དེ་བས་ལེགས་པ་ཐུབ་པ་བྱེད་པ་དང་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེ་མོའི་དབར་ཕན་ཚུན་འབྲེལ་མཐུད་ཐུབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ངས་ད་རེས་ཀྲུང་གོར་འཚམས་འདྲི་བྱེད་རིང་ཕྱོགས་གཉིས་པོས《ཧྥིན་ཀྲུང་རྒྱལ་ཁབ་གཉིས་པོས་འབྱུང་འགྱུར་ལ་ཕྱོགས་པའི་མཉམ་ལས་རོགས་ཟླའི་འབྲེལ་བ་གསར་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་ལས་ཀའི་འཆར་གཞི(2019ལོ་ནས་2023ལོ་བར)》བཀོད་ཡོད། དེས་ཧྥིན་ཀྲུང་གི་མཛའ་གྲོགས་འབྲེལ་བར་སྔར་བས་སྐུལ་མ་ཐེབས་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། གྲོས་མོལ་ཟིན་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཕྱོགས་གཉིས་པོའི་མཉམ་ལས་དང་འབྲེལ་བ་ཡོད་པའི་ཡིག་ཆར་མིང་རྟགས་བཀོད་པའི་དཔང་པོ་གནང་བ་རེད།
         མིང་རྟགས་འགོད་པའི་མཛད་སྒོའི་རྗེས་ཞི་ཅིན་ཕིང་དང་ཉི་ཉི་སི་ཐོ་རྣམ་གཉིས“2019ལོའི་ཀྲུང་ཧྥིན་གྱི་དགུན་དུས་ལུས་རྩལ་ལོ”འགོ་འཛུགས་མཛད་སྒོར་ཕེབས་པ་རེད།

  
style="display:none;"