མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་དང་
དཔྱིད་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་24ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

༄༅།།ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་དང་
དཔྱིད་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ།

     ཟླ་1ཚེས་22ཉིན་གྱི་ཕྱི་དྲོ། ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་དང་དཔྱིད་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་པེ་ཅིང་དུ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འདི་གར་ཡོད་པའི་དམག་དཔུང་གི་བློ་མཐུན་རྒན་གྲས་དང་དམག་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ལ་དུས་ཆེན་གྱི་འཚམས་འདྲི་དང་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་གྱི་ཕྱི་དྲོ། ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་དང་དཔྱིད་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་པེ་ཅིང་དུ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འདི་གར་ཡོད་པའི་དམག་དཔུང་གི་བློ་མཐུན་རྒན་གྲས་དང་དམག་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ལ་དུས་ཆེན་གྱི་འཚམས་འདྲི་དང་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།
     ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་30ཡི་ཐོག་ཞི་ཅིན་ཕིང་བློ་མཐུན་རྒན་གྲས་ཚོའི་ཁྲོད་དུ་ཕེབས་སྐབས་ཚོགས་ར་ཡོངས་ནས་ཐལ་མོའི་རྡེབ་སྒྲ་གྲགས་ཤིང་། ཞི་ཅིན་ཕིང་གིས་ཚང་མ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་སྟེ་ཁོང་ཚོའི་གཟུགས་པོ་དང་འཚོ་བའི་གནས་ཚུལ་ཐུགས་ཁུར་ཆེན་པོའི་ངང་བཀའ་འདྲི་ཞུས་པ་དང་སྦྲགས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་སྣེ་ཁྲིད་འོག་འདས་ཟིན་པའི་ལོ་གཅིག་རིང་ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་བྱ་གཞག་ལ་རྣམ་པ་གསར་པ་མངོན་པ་དང་། རྣམ་པ་གསར་པ་བཏོད་པ། གྲུབ་འབྲས་གསར་པ་ཐོབ་པ་བཅས་ལ་ཐུན་མོང་ཐོག་ཕྱིར་དྲན་གནང་བ་རེད། བློ་མཐུན་རྒན་གྲས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་མཛད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་འབད་བརྩོན་བྱེད་པ་བཅས་བྱས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།
     འཁྲབ་སྟོན་གྱི་འགོ་ཚུགས་རོལ་དབྱངས《དུས་རབས་ཀྱི་དཔྱིད་ཀ》དང་། འཁྲབ་སྟོན་ཧྲིལ་པོ《སྦྱོང་བརྡར་ར་བའི་དམག་མི》 《མཐའ་མཚམས་ནས་ལྡང་བའི་རླུང་བུ》 《དུས་རབས་གསར་པའི་གླུ་དབྱངས》བཅས་ལེའུ་གསུམ་དུ་ཕྱེ་བ་དང་། དེའི་རྒྱལ་གཅེས་འབད་འཐབ་དང་དམག་དཔུང་སྟོབས་ཆེན་དང་རྒྱལ་ཁ་ལེན་པའི་ནང་དོན་མགོ་ནས་མཇུག་བར་ཁྱབ་པས། རིག་རྩལ་རྟ་དམག་ཧྲག་པོའི་ཉམས་འགྱུར་མངོན་ཡོད་ལ། མི་དམངས་དམག་དཔུང་གི་རིག་རྩལ་ལས་དོན་སྒྱུར་བཅོས་ཀྱི་གྲུབ་འབྲས་ཀྱང་མངོན་ཡོད། དངོས་མཚོན་གླུ་གར《བཀའ་རྒྱ་སྒྲོག་པ》དང་། དམག་འཐབ་གླུ་གཞས་ཚན་སྒྲིག《ང་ཚོའི་ནམ་མཁའ》དང《དམག་མིའི་བློ་སྟོབས་ནི་རྒྱལ་ཁ་ཡིན》 སྣེ་ཁྲིད་གླུ་གཞས་དང་མཉམ་གཞས《འཛམ་གླིང་གི་དམག་དཔུང་རྩེ་གྲའི་ཕྱོགས་སུ་འབད་བརྩོན་བྱེད》སོགས་འཁྲབ་ཚན་གྱི་སྒྱུ་རྩལ་ལས་ཚ་ཚ་འུར་འུར་གྱི་དམག་སྦྱོང་རྣམ་པ་ཞིག་མངོན་པ་དང་། དམག་ཡོངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀའ་ལ་ཉན་པ་དང་། ནུས་ཤུགས་གཅིག་ཏུ་བསྒྲིལ་ཏེ་དམག་སྦྱོང་དང་དམག་འཐབ་གྲ་སྒྲིག་བྱེད་པ། དུས་རབས་གསར་པར་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་མཚོན་ཡོད། དཔེ་མཚོན་གླུ་གཞས་རྙིང་པ《མེ་ཏོག་དམར་མདངས་རྒྱས་དོན་ཅི》དང་། 《གོས་འཁྲུའི་གཞས། མཁའ་ལམ》 《བསྟོད་གླུ》སོགས་ཀྱིས་སྒྱུ་རྩལ་གྱི་རྣམ་པ་སྣ་ཚོགས་སྤྱད་དེ་མཐའ་མཚམས་དམག་དམངས་ཀྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོ་མངོན་པར་བྱས་ཡོད། 《ངས་ཚེ་སྲོག་ལ་བརྟེན་ནས་ཁྱེད་ལ་སྲུང་སྐྱོབ་བྱེད》དང《ས་ཆ་སྦར་མཐིལ་ཙམ་ཡང་སྤྲོད་རྒྱུ་མིན》སོགས་གླུ་གཞས་ལས་དམག་དམངས་གཅིག་སེམས་གཅིག་མཐུན་དང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པའི་ཆོད་སེམས་དང་བློ་སྟོབས་གསལ་པོ་མངོན་ཡོད། 《གནམ་ས་གསར་པ》དང་། 《དར་དམར་ལྷབ་ལྷུབ་ཏུ་གཡོ》 《ངེད་ཀྱི་མེས་རྒྱལ》 《ངས་རླབས་ཆེན་མེས་རྒྱལ་གྱི་ཆེད་དུ་སོ་ལྟ་བྱེད》 《མཉམ་དུ་རྡོག་ཐོན་བྱེད》སོགས་གླུ་གཞས་གསར་རྙིང་ལས་དམག་ཡོངས་ཀྱི་དཔོན་དམག་ཚོས་མེས་རྒྱལ་ལ་དགའ་ཞེན་དང་། མེས་རྒྱལ་སྲུང་སྐྱོབ། ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དང་འབད་འཐབ་ཀྱི་བྱས་རྗེས་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་བའི་བརྩེ་སེམས་ཟབ་མོ་མཚོན་ཡོད། 《ཏང་གི་དར་ཆ་ནམ་ཡང་ལྷབ་ལྷུབ་ཏུ་གཡོ》ཞེས་པའི་གླུ་དབྱངས་ཁྲོད་འཁྲབ་སྟོན་མཇུག་འགྲིལ་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། བློ་བརྟན་འགྱུར་མེད་ངང་སྲོག་ཤིང་ལ་སྲུང་སྐྱོང་བྱེད་པ། བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་བཅས་ཀྱི་མི་དམངས་དམག་དཔུང་གི་འགྱུར་མེད་དད་སེམས་མཚོན་པར་བྱས་ཡོད་པ་རེད།

  
style="display:none;"