མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ལི་ཀྲུའུ་ཡུང་དང་མཇལ་འཛོམས་གནང་བ་དང་འབྲེལ་ཁྲའོ་ཞན་
གྱི་མཛའ་མཐུན་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་ལ་གཟིགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་30ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཚེས་27ཉིན་པེ་ཅིང་དུ་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྤྱི་པུའི་པུའུ་ཀྲང་བཅས་ཡིན་པའི་ལི་ཀྲུའུ་ཡུང་གིས་ཚོགས་གཙོ་གནང་བའི་ཁྲའོ་ཞན་གྱི་མཛའ་མཐུན་སྒྱུ་རྩལ་ཚོགས་པ་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཁྲའོ་ཞན་གྱི་མཛའ་མཐུན་སྒྱུ་རྩལ་ཚོགས་པ་ཀྲུང་གོར་འཁྲབ་སྟོན་བྱེད་པར་ཕེབས་པར་དགའ་བསུ་ཞུས་ཤིང་། 
         ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲིའི་འཁྲབ་སྟོན་བྱེད་པ་ནི་ཀྲུང་གོ་དང་ཁྲའོ་ཞན་ཕྱོགས་གཉིས་པོའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པའི་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཡིན་ལ་ཀྲུང་གོ་དང་ཁྲའོ་ཞན་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་རྟེན་འབྲེལ་གྱི་བྱེད་སྒོ་གལ་ཆེན་ཞིག་ཀྱང་རེད། འཚམས་འདྲིའི་འཁྲབ་སྟོན་ཐུགས་གྲ་ལེགས་འགྲིག་ཡོང་བ་དང་ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་སེམས་ཟབ་ཏུ་འགྲོ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
          ལི་ཀྲུའུ་ཡུང་གིས་དང་ཐོག་ཨུ་ཡོན་ཀྲང་ཅིན་ཀྲེན་ཨེན་དང་མཁྱེན་ལྡན་མ་ལི་ཞོལ་ཀྲུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་མཁྱེན་ལྡན་མ་ཕེང་ལི་ཡོན་རྣམ་གཉིས་ལ་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་ཞུ་གནང་བ་དང་འབྲེལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ཐེངས་མཛའ་མཐུན་སྒྱུ་རྩལ་ཚོགས་པ་ཀྲུང་གོར་འཚམས་འདྲིའི་འཁྲབ་སྟོན་བྱེད་དུ་ཡོང་བར་ཐུགས་ཁུར་དང་མཐོང་ཆེན་གནང་བར་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུས་པ་རེད།
         ཞི་ཅིན་ཕིང་གིས་ལི་ཀྲུའུ་ཡུང་ལ་ཨུ་ཡོན་ཀྲང་ཅིན་ཀྲེན་ཨེན་དང་མཁྱེན་ལྡན་མ་ལི་ཞོལ་ཀྲུའུ་ལ་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རོགས་ཞེས་གསུངས། ཞི་ཅིན་ཕིང་གིས་2018ལོ་ནས་བཟུང་ང་དང་ཨུ་ཡོན་ཀྲང་ཅིན་ཀྲེན་ཨེན་ཞལ་འཛོམས་ཐེངས་བཞི་བྱས་ཏེ་དུས་སྐབས་གསར་པར་ཀྲུང་གོ་དང་ཁྲའོ་ཞན་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་ཡོང་བར་ཐུན་མོང་གི་ངོས་འཛིན་གྲུབ་ཡོད། འདི་ལོ་ནི་ཀྲུང་གོ་དང་ཁྲའོ་ཞན་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་པ་དང་དེ་བཞིན་ས་ཁུལ་དང་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས། དར་རྒྱས་བཅས་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་རིག་གནས་སྒྱུ་རྩལ་སྤེལ་རེས་ནི་ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་འབྲེལ་བའི་ཁྲོད་ཀྱི་ཁྱད་ཆོས་ལྡན་ལ་སྲོལ་རྒྱུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ང་དང་ཨུ་ཡོན་ཀྲང་ཅིན་ཀྲེན་ཨེན་དབར་ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་རིག་གནས་སྒྱུ་རྩལ་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ་ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་མཛའ་མཐུན་ཟབ་པའི་དམངས་འདོད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་སྲོལ་རྒྱུན་མཛའ་མཐུན་རྒྱུན་འཛིན་བྱེད་པ། རང་ངོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
        ལི་ཀྲུའུ་ཡུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་མཁྱེན་ལྡན་མ་ཕེང་ལི་ཡོན་རྣམ་གཉིས་མཛད་བྲེལ་ཆེ་ཡང་འཁྲབ་སྟོན་གཟིགས་པར་ཕེབས་པར་སླར་ཡང་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཁྲའོ་ཞན་གྱི་མཛའ་མཐུན་སྒྱུ་རྩལ་ཚོགས་པ་ད་ཐེངས་ཀྲུང་གོར་འཚམས་འདྲིའི་འཁྲབ་སྟོན་བྱེད་པར་ཡོང་དོན་ནི་ཨུ་ཡོན་ཀྲང་ཅིན་ཀྲེན་ཨེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་དེ་བཞིན་ཁྲའོ་ཞན་མི་དམངས་ཀྱིས་ཀྲུང་གོ་མི་དམངས་ལ་མཛའ་མཐུན་ཟབ་མོ་བཅངས་ལུགས་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་མཚོན་པར་བྱ་རྒྱུ་དེ་ཡིན། ཁྲའོ་ཞན་ཕྱོགས་ཀྱིས་ཨུ་ཡོན་ཀྲང་ཅིན་ཀྲེན་ཨེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དབར་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཁྲའོ་ཞན་དང་ཀྲུང་གོའི་དབར་གྱི་མཛའ་མཐུན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་ཐད་ཀྱི་ལེའུ་གསར་པ་རྩོམ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་བརྗོད།
        མཇལ་འཛོམས་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཁྲའོ་ཞན་གྱི་མཛའ་མཐུན་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་ལ་གཟིགས་པ་རེད། འཁྲབ་སྟོན་དེ《ཁྲའོ་ཞན་དང་ཀྲུང་གོའི་དབར་གྱི་མཛའ་མཐུན་མི་ཉམས་ཡུན་གནས》ཞེས་པའི་རོལ་དབྱངས་ཁྲོད་འགོ་ཚུགས་པ་རེད།
          འཁྲབ་སྟོན་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་གར་སྟེགས་ཐོག་ཕེབས་ནས་འཁྲབ་སྟོན་པ་ཚོར་ཕྱག་བཏང་གནང་བ་དང་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་པ་དང་ཆབས་ཅིག་འཁྲབ་སྟོན་ཐུགས་གྲ་ལེགས་འགྲིག་བྱུང་བར་རྟེན་འབྲེལ་ཡང་ཞུས་གནང་བ་རེད།

  
style="display:none;"