མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཁ་ཐར་གྱི་ཨེ་མིར་ཐ་མི་མུའུ་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་02ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

༄༅།།ཞི་ཅིན་ཕིང་གིས་ཁ་ཐར་གྱི་ཨེ་མིར་ཐ་མི་མུའུ་དང་གྲོས་མོལ་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཚེས་31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཁ་ཐར་གྱི་ཨེ་མིར་ཐ་མི་མུའུ་དང་གྲོས་མོལ་གནང་བ་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན། ཐུན་མོང་འཕེལ་རྒྱས་བཅས་ཀྱི་ཀྲུང་ཁའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།
     ཞི་ཅིན་ཕིང་གིས་2014ལོར་ང་དང་ཨེ་མིར་མཆོག་དང་པེ་ཅིང་དུ་ཀྲུང་ཁའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་འབྲེལ་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་གྲུབ་ཡོད། ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག་ཐུན་མོང་གི་ངོས་འཛིན་དེ་དག་དོན་འཁྱོལ་ཐུབ་བཞིན་ཡོད་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་ཕན་ཏན་ཏིག་བསྐྲུན་པ་མཐོང་བྱུང་བས་དགའ་ཚོར་ཆེན་པོ་བྱུང་ཞེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཁ་ཐར་ཕྱོགས་དང་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁ་ཐར་ཕྱོགས་ཀྱིས་རྒྱལ་ཁབ་དེ་གའི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་རང་བརྟེན་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ཁ་ཐར་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་པར་བསྔགས་བརྗོད་བྱ་རྒྱུ་ཡིན་ལ་ཁ་ཐར་ཕྱོགས་ཀྱིས་ཀྲུང་གོའི་རྩ་བའི་ཁེ་ཕན་གྱི་གནད་དོན་དང་འབྲེལ་བ་ཡོད་པའི་ཐད་ཀྲུང་གོར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྔར་བས་འབྲེལ་མཐུད་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་དགོས། རྒྱལ་ཁབ་གཉིས་པོས་སྣུམ་རླངས་མཉམ་ལས་ལྟེ་བར་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གཙོ་གནད་དུ་བྱེད་པ། དངུལ་རྩ་དང་མ་འཇོག་འཕར་གཞི་གསར་པར་བྱེད་པ་བཅས་ཀྱི་མཉམ་ལས་ཀྱི་བཀོད་པ་གསར་པ་རགས་ཙམ་ཆགས་ཡོད་པས་ནུས་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མཐོ་གསར་ལག་རྩལ། མ་འཇོག་བཅས་ཁྱབ་ཁོངས་ཆེན་པོ་བཞིའི་མཉམ་ལས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་བསམ་བློའི་རླབས་རྒྱུན་ལ་ངོ་རྒོལ་བྱེད་པའི་ཐད་སྤེལ་རེས་ཤུགས་ཆེན་བྱེད་པ་དང་། ཉམས་མྱོང་མཉམ་སྤྱོད་བྱེད་པ། མཉམ་ལས་བཅས་བྱེད་དགོས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་སྔར་བས་ཟབ་ཏུ་བཏང་ནས་ཡུལ་སྐོར་དང་། རིག་གནས། ལུས་རྩལ། སྨྱན་སྦྱོར་མཉམ་ལས་བཅས་ལ་སྐུལ་འདེད་གཏོང་བ་དང་ལྷག་པར་དུ་2022ལོར་ཀྲུང་གོ་དང་ཁ་ཐར་དུ་སོ་སོར་གཉེར་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ལུས་རྩལ་འདུ་ཚོགས་གཟབ་རྒྱས་དེ་ཕན་ཚུན་རྒྱབ་སྐྱོར་དང་ཐུན་མོང་ཐོག་ཡག་པོ་གཉེར་དགོས་ཞེས་ནན་བཤད་གནང་བ་རེད། 

  
style="display:none;"