མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་
དུ་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་06ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་།

ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་།

        ལི་ཁེ་ཆང་གིས་ཕྱོགས་བརྒྱད་ནས་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཕྱིར་དྲན་གནང་བ་སྟེ། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་བྱེད་སྟངས་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་བས་དཔལ་འབྱོར་མུ་མཐུད་བརྟན་པོའི་ངང་འཁོར་རྒྱུག་བྱུང་བ་དང་། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལེགས་པར་བརྒྱབ་པས་གཙོ་གནད་ལས་འགན་ཐད་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་བྱས་པས་དངོས་ཚན་དཔལ་འབྱོར་གྱི་གསོན་ཤུགས་ཟམ་མི་ཆད་པར་ཐོན་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བས་གསར་གཏོད་ཀྱི་འཇོན་ཐང་དང་ལས་ཕྱོད་སྔར་བས་ཆེ་རུ་སོང་བ། སྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་བཏང་བས་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་མི་ཆད་པར་ཆེ་རུ་སོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱབ་ཁོངས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་པས་སྤེལ་རེས་ལེགས་པའི་རྣམ་པ་ཞིག་མྱུར་དུ་ཆགས་པ། འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་མཐའ་འཁྱོངས་བྱས་པས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་མང་ཚོགས་ལ་སྔར་ལས་མང་བ་དང་སྔར་བས་དྲང་སྙོམས་ཀྱི་སྒོ་ནས་ལོངས་སུ་སྤྱོད་རྒྱུ་བྱུང་བ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་བཅོས་སྐྱོང་བྱེད་སྟངས་གསར་གཏོད་ལ་སྐུལ་འདེད་བཏང་བས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བྱུང་ཡོད།
       ལི་ཁེ་ཆང་གིས་བསྟན་དོན། ཉེན་ཁར་བསམས་ན་བདེ་བར་འཁོད་ཐུབ། གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པ་དང་ཆབས་ཅིག་རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་གནད་དོན་དང་འགྲན་སློང་གསལ་པོར་མཐོང་དགོས། ང་ཚོས་ངེས་པར་དུ་གནད་དོན་དང་འགྲན་སློང་ལ་ཐད་ཀར་གདོང་གཏུག་བྱས་ཏེ། འགན་འཁྲི་འཁུར་ཕོད་པ་དང་། རང་འགན་གཙང་སྒྲུབ། ནུས་ཤུགས་ཡོད་རྒུ་བཅས་ཀྱིས་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ་ལས་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་གཏན་ནས་གཏོང་མི་རུང་།
       ལི་ཁེ་ཆང་གིས་གསུངས་དོན། 2019ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6%ནས་6.5%བར་འཕར་བར་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་1100ཡན་གསར་དུ་ལས་ཞུགས་ཐུབ་པར་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཤོར་ཚད་གཞི་5.5%ཡས་མས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་བྱས་པའི་ལས་ཤོར་ཚད་གཞི་4.5%ནང་ཚུན་དུ་ཚོད་འཛིན་ཐུབ་པར་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ཡས་མས་ཟིན་པ་བྱ་རྒྱུ། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་བྱུང་སྟེ་ཕྱིར་གཏོང་ནང་འདྲེན་བརྟན་ཐོག་སྤུས་མཐོ་ཡོང་བར་བྱ་རྒྱུ། སྤྱི་ཁོག་འདེགས་ཤིང་གཞི་རྩའི་ཆ་ནས་བརྟན་པོ་བྱུང་སྟེ་དངུལ་རྩ་དང་ནོར་སྲིད་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་ནུས་ལྡན་ཐུབ་པར་བྱ་རྒྱུ། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1000ཡན་ཉུང་དུ་སོང་ནས་གྲོང་མིའི་ཡོང་འབབ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བར་བྱ་རྒྱུ། སྣོད་བཅུད་ཁོར་ཡུག་སྔར་བས་ལེགས་སུ་སོང་ནས་ཚན་པའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་རྒྱུ་ཟད་གྲོན་3%ཡས་མས་ཆག་པ་དང་སྦགས་བཙོག་དངོས་པོ་གཙོ་བོ་གཤོང་འབུད་བྱེད་ཚད་མུ་མཐུད་ཆག་པ་བྱ་རྒྱུ་བཅས་རེད།
        ལི་ཁེ་ཆང་གིས་སྙན་སྒྲོན་ནང་བསྟན་དོན། 2019ལོའི་སྲིད་གཞུང་གི་ལས་དོན་ཡག་པོ་སྒྲུབ་པར་གཤམ་གསལ་གྱི་འབྲེལ་བ་ཁག་ཁོང་དུ་ཡག་པོ་ཆུད་པར་སྣང་ཆེན་བྱེད་དགོས་པ་སྟེ། གཅིག་ནས་རྒྱལ་ནང་དང་རྒྱལ་སྤྱིའི་འབྲེལ་བར་སྤྱི་འདོམས་ཡག་པོ་བྱས་ཏེ་སེམས་ནུས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། གཉིས་ནས་འཕེལ་རྒྱས་བརྟན་པོ་དང་ཉེན་ཁ་འགོག་ཟོན་གྱི་འབྲེལ་བ་དོ་སྙོམས་ཡོང་བར་བྱས་ཏེ་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་བྱེད་དགོས་པ། གསུམ་ནས་སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་དགོས།
         ལི་ཁེ་ཆང་གིས་གསུངས་དོན། 2019ལོར་གཙོ་གནད་འབུར་དུ་ཐོན་པ་དང་འགག་གནད་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་ལས་དོན་ཁག་བཅུ་ཡག་པོ་སྒྲུབ་དགོས་པ་སྟེ། གཅིག་ནས་སྤྱི་ཁོག་སྙོམས་སྒྲིག་བྱེད་སྟངས་མུ་མཐུད་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་སྟེ་ལུགས་མཐུན་གྱི་བར་མཐོངས་སུ་དཔལ་འབྱོར་འཁོར་རྒྱུག་ཐུབ་པར་བྱེད་དགོས་པ་དང་། གཉིས་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱས་ཏེ་ཚོང་གཉེར་ཁོར་ཡུག་ལེགས་སུ་ནུས་ལྡན་གཏོང་དགོས་པ། གསུམ་ནས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་སྒུལ་ནུས་གསར་པ་སྐྱེད་སྲིང་དང་ཆེ་རུ་གཏོང་དགོས་པ། བཞི་ནས་རྒྱལ་ནང་གི་ཁྲོམ་ར་ཆེན་པོ་ཆགས་རྒྱུར་སྐུལ་འདེད་བཏང་སྟེ་ནང་མཁོའི་གཏིང་ཤུགས་མུ་མཐུད་འདོན་དགོས་པ། ལྔ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལས་འགན་དང་བསྡུར་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ། དྲུག་ནས་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་མཐོ་རུ་གཏོང་དགོས་པ། བདུན་ནས་སྦགས་བཙོག་འགོག་བཅོས་དང་སྣོད་བཅུད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ། བརྒྱད་ནས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་ཁྲོམ་རའི་ལམ་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་དགོས་པ། དགུ་ནས་ཕྱོགས་ཚང་མ་ནས་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་སྐྱེད་སྲིང་བྱེད་དགོས་པ། བཅུ་ནས་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་མགྱོགས་པོ་བཏང་སྟེ་དེ་བས་ལེགས་པའི་སྒོ་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་དགོས།
        ལི་ཁེ་ཆང་གིས་ད་དུང་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། མི་རིགས་དང་། ཆོས་ལུགས། ཕྱིར་སྡོད་རང་མི་བཅས་ཀྱི་ལས་དོན། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། ཤང་ཀང་དང་ཨའོ་མོན་གྱི་འཕེལ་རྒྱས་དང་ངོགས་གཉིས་ཀྱི་འབྲེལ་བ། དེ་བཞིན་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་བཅས་ཀྱི་སྐོར་རྒྱས་བཤད་ཀྱང་གནང་བ་རེད།
        ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན་དང་དེ་བཞིན་2019ལོའི་འཆར་གཞིའི་འཆར་ཟིན་དང་། 2018ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2019ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན་དང་དེ་བཞིན་2019ལོའི་རྒྱལ་ཡོངས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་བྱས་པ་རེད།
        རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པར་ཕེབས་པའི་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་ཚོགས་ཆེན་ལ་ཟུར་ཞུགས་གནང་བ་རེད།
         ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། བཅིངས་འགྲོལ་དམག་གི་འབྲེལ་ཡོད་ཚན་པ། མི་དམངས་ཚོགས་པ་ཁག་གི་འབྲེལ་ཡོད་འགན་འཁུར་བ་བཅས་ཚོགས་ཆེན་ལ་ཟུར་ཞུགས་གནང་བའམ་ཟུར་ཉན་གནང་བ་རེད།
        ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་ཀྱིས་ཚོགས་ཆེན་ཟུར་ཉན་གནང་བ་རེད།

【1】  【2】

ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།
ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།

  
style="display:none;"