མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི་བཅས་རྒྱལ་ཡོངས་མི་
དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པ་ཁག་གཅིག་གི་གྲོས་ཞིབ་ནང་ཞུགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་12ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི་བཅས་རྒྱལ་ཡོངས་མི་
དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པ་ཁག་གཅིག་གི་གྲོས་ཞིབ་ནང་ཞུགས་པ།

     ■ གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དང་ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་གྱི་དབུལ་སྒྲོལ་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལས་དོན་ཡག་པོ་སྒྲུབ་དགོས། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་རེད། ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་མི་བརྗེད་པ་ལྟར་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དང་སུའུ་ཝེ་ཨེད་ས་ཁུལ་གྱི་མི་དམངས་རྩ་བ་ནས་བརྗེད་མི་རུང་། གསེད་བཀྲོལ་གྲལ་བཤེར་དང་ལས་དོན་དམ་འཛིན་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བརྒྱུད་རིམ་ནང་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དང་སུའུ་ཝེ་ཨེད་ས་ཁུལ་རྗེས་སུ་མི་ལུས་པ་བྱ་རྒྱུ་འགན་ལེན་བྱེད་དགོས།
     ཟླ་3ཚེས་10ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཧྥུའུ་ཅན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ལེ་ཅི་བཅས་ཚེས་10ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་འཐུས་མི་ཚོགས་པ་ཁག་གཅིག་གི་གྲོས་ཞིབ་ནང་ཞུགས་པ་རེད།
     ཞི་ཅིན་ཕིང་ཧྥུའུ་ཅན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཚོགས་འདུའི་ཐོག་ལེ་ཅིན་ཡུས་དང་། ཀྲང་ལིན་ཧྲུན། ལན་ཕིང་ཡུང་། ཁང་ཐའོ། ཁྲེང་གོ་དབྱིན། ཕན་གཡོད། ཏིང་ཧྲི་ཀྲུང་། ཀྲང་ལན་ཧྲེང་སོགས་འཐུས་མི་བརྒྱད་ཀྱིས་སྔ་རྗེས་སུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུ་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་རྒྱུ། ཐག་རིང་མཚོ་འགྲུལ་གྱི་ཉ་ལས་འཕེལ་རྒྱས། ངོགས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཟབ་གཏོང་། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དང་སུའུ་ཝེ་ཨེད་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་གནད་དོན་ཐད་བསམ་འཆར་བཏོན་པ་རེད། འཐུས་མི་ལ་ལས་གསར་གཏོད་འཕོ་འགྱུར་ལ་བརྟེན་ནས་མི་རིགས་ཀྱི་སྤུས་རྟགས་སྐྲུན་རྒྱུའི་སྐོར་གླེང་སྐབས། ཞི་ཅིན་ཕིང་གིས། ཁྱེད་ཀྱིས་སྤྱི་ལོ་2001ལོ་ནས་བྱ་བ་དེ་བསྒྲུབ་ཡོད་ལ་ད་ལྟ་སྔར་བཞིན་སྒྲུབ་པ་མ་ཟད། རྒྱ་སྟོབས་ཀྱང་ཇེ་ཆེར་འགྲོ་བཞིན་ཡོད། ཁེ་ལས་དང་བྱ་གཞག་གཉེར་བ་ནི་དངུལ་ཏོག་ཙམ་རག་ཆེད་ཁོ་ནའི་ཆེད་དུ་མིན་པས་ཏན་ཏན་ཏིག་ཏིག་དང་བློ་རྩེ་གཅིག་སྒྲིམ་གྱིས་ཁེ་ལས་གཉེར་རྒྱུ་ནི་རང་འཁྲིའི་ལས་དོན་རེད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་མཇུག་ཏུ་གནང་བའི་གསུང་བཤད་གལ་ཆེན་ནང་ཧྥུའུ་ཅན་གྱི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། ཧྥུའུ་ཅན་གྱི་བློ་མཐུན་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བཅས་བྱས་ནས། དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་པ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་པའི་ཐད་སླར་ཡང་བྱས་རྗེས་གསར་པ་ཧུར་ཐག་འཇོག་པ། 
     ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་མིག་དཔེ་འདོན་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་མཇུག་རྒྱུར་རྨང་གཞི་བརྟན་པོ་འདིང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་གསར་གཏོད་ལས་གཏོད་གསར་སྐྲུན་བཅས་ལ་ཕན་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་སྒུལ་ཤུགས་འཕེལ་བར་བྱེད་པ་དང་། ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ལས་གཏོད་གསར་སྐྲུན་བཅས་ཀྱི་སྒུལ་ནུས་འདོན་སྤེལ་བྱས་ནས་འཛམ་གླིང་གི་འཕོ་འགྱུར་ཆེན་པོའི་ནང་གི་རང་རྒྱལ་གྱི་ཤུགས་རྐྱེན་ནུས་པ་དང་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་བསམ་བློར་བཅིངས་འགྲོལ་བཏང་སྟེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་གསར་གཏོད་ལས་གཏོད་གསར་སྐྲུན་བཅས་ལ་དེ་བས་ལེགས་པའི་ཁོར་ཡུག་གཏོད་པ་དང་། གསར་གཏོད་ལས་གཏོད་གསར་སྐྲུན་བཅས་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་སྒྲིག་སྲོལ་ལམ་སྲོལ་གྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད། གསར་གཏོད་ལས་གཏོད་གསར་སྐྲུན་བཅས་ལ་སྐུལ་འདེད་གཏོང་བའི་སྤྱི་ཚོགས་ཁོར་ཡུག་བསྐྲུན་པ་དང་། ལྷག་པར་དུ་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་དང་ན་གཞོན་འཚར་ལོངས་ཡོང་རྒྱུར་མཐུན་རྐྱེན་བསྐྲུན་པ་བཅས་བྱས་ནས་ལག་རྩལ་མཐོ་བའི་ཁེ་ལས་གང་མགྱོགས་འཚར་ལོངས་ཡོང་རྒྱུར་ལམ་སྲོལ་ཡག་པོ་འཛུགས་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱེད་པ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ལྕག་དང་། སྣེ་ཁྲིད། རྒྱབ་སྐྱོར་བཅས་བྱེད་པའི་སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་བྱས་ནས་དབང་བའི་ལམ་ལུགས་ཀྱི་ཁེ་ལས་སྣ་ཚོགས་ལ་གཞུང་དྲང་དང་། ཁ་གསལ། ཁྲིམས་སྐྱོང་བཅས་ཀྱི་འཕེལ་རྒྱས་ཀྱི་ཁོར་ཡུག་གཏོད་པ་དང་། ཁེ་ལས་མཁས་ཅན་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་ཁོར་ཡུག་བཟང་པོ་སྐྲུན་པ། དམངས་གཉེར་ཁེ་ལས་གསར་གཏོད་འཕེལ་རྒྱས་ལ་རོགས་རམ་བཅས་བྱས་ཏེ། ཁྲོམ་རའི་འགྲན་རྩོད་ནང་གསར་འབྱེད་ཀྱི་སྙིང་སྟོབས་དང་། མིག་རྒྱང་རིང་བ། རྒྱལ་སྤྱིའི་མཐོང་རྒྱ་ལྡན་པ་བཅས་ཀྱི་ཁེ་ལས་མཁས་ཅན་གྱི་དཔུང་ཁག་ཅིག་གཏོད་དགོས། དཔལ་འབྱོར་དམིགས་བསལ་ཁུལ་དང་། རང་མོས་ཚོང་དོན་ཚོད་ལྟའི་ཁུལ། ཕྱོགས་བསྡུས་ཚོད་ལྟའི་ཁུལ། དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ལམ་བུའི་ལྟེ་བའི་ཁུལ་སོགས་ཁུལ་མང་མཉམ་འདྲེས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། ལམ་བུ་གསར་པ་ཟམ་མི་ཆད་པར་འཚོལ་ཞིབ། སྤུས་ལེགས་ཐོན་སྐྱེད་ཀྱི་རྒྱུ་ཆ་གཅིག་སྡུད། ཧྥུའུ་ཅན་གྱི་ཐོན་ལས་འགྲན་རྩོད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ནས་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་སྒྲིག་གཞི་གསར་པ་འཛུགས་རྒྱུར་མདུན་དུ་བསྐྱོད་རྒྱུའི་བརྩོན་ལེན་བྱེད་དགོས། མཚོ་འགག་ངོགས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱེད་དགོས། ཐའེ་དབན་ལ་དམིགས་པའི་ལས་དོན་ཐད་སྤྱི་ཡོངས་དང་དུས་བབ་ཆེ་མོར་དམིགས་དགོས་ལ། དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་དེ་བས་མཐོང་ཆེན་བྱེད་དགོས། ངོགས་གཉིས་དབར་ཤར་བགྲོད་ཐུབ་དགོས་རིགས་ཚང་མ་ཤར་བགྲོད་ཐུབ་པ་བྱས་ཏེ་དཔལ་འབྱོར་ཚོང་དོན་མཉམ་ལས་ཤར་བགྲོད་དང་། རྨང་གཞིའི་སྒྲིག་བཀོད་མཉམ་འབྲེལ། ནུས་པའི་ཐོན་ཁུངས་མཉམ་སྤྱོད། ལས་རིགས་ཚད་གཞི་མཉམ་མཐུན་བཅས་བྱས་ཏེ་ཧྥུའུ་ཅན་འདི་ཉིད་སྤུན་ཟླ་ཐའེ་དབན་བ་དང་ཐའེ་དབན་གྱི་ཁེ་ལས་འཛོམས་སའི་ཁྱིམ་གཞིས་ལ་འགྱུར་བ་བྱེད་དགོས། ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་སྤུན་ཟླ་ཐའེ་དབན་བའི་སེམས་དང་མཐུན་པའི་ལས་དོན་བསྒྲུབས་ཏེ། སྤུན་ཟླ་ཐའེ་དབན་བས་མི་རིགས་དང་རྒྱལ་ཁབ་ལ་བཅངས་པའི་ཤེས་ཚོར་དང་བརྩེ་སེམས་ཟབ་ཏུ་གཏོང་དགོས། ཐའེ་དབན་ལ་དམིགས་པའི་ལས་དོན་སྒྲུབ་སྐབས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་ཡག་པོ་བྱས་ཏེ་སྤུན་ཟླ་ཐའེ་དབན་བར་ལྟ་སྟངས་གཅིག་པ་འཛིན་ནས་སྐམ་སའི་མི་སེར་ལ་ཞབས་འདེགས་ཞུ་བ་ལྟར་སྤུན་ཟླ་ཐའེ་དབན་བར་བདེ་སྐྱིད་བསྐྲུན་དགོས། ན་ནིང་ནས་བཟུང་ང་ཚོས“ཐའེ་དབན་ལ་ཕན་འདོགས་པའི་བྱེད་ཐབས་ཁག་31”བཏོན་པ་དང་ཧྥུའུ་ཅན་གྱིས“ལག་བསྟར་བསམ་འཆར་ཁག་66”ལག་བསྟར་བྱས་པར་བརྟེན་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མ་ཟད། རྒྱ་ཆེའི་སྤུན་ཟླ་ཐའེ་དབན་བར་ཕན་པ་ཐོབ་ཡོད། བྱེད་ཐབས་དེ་དག་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང་ཆབས་ཅིག་སྤུན་ཟླ་ཐའེ་དབན་བའི་འབོད་སྒྲ་ཉན་དགོས་ལ། ཐའེ་དབན་ལ་ཕན་པའི་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་བྱེད་པ་དང་འབྲེལ་ཁྱབ་གདལ་བཏང་ནས་སྒྲུབ་ཐུབ་པ་ཚང་མ་གང་ཐུབ་ཅི་ཐུབ་ཀྱིས་སྒྲུབ་དགོས། གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་དབུལ་སྒྲོལ་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལས་དོན་ཡག་པོ་སྒྲུབ་དགོས། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་རེད། ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་མི་བརྗེད་པ་ལྟར་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་སུའུ་ཝེ་ཨེད་ས་ཁུལ་གྱི་མི་དམངས་རྩ་བ་ནས་བརྗེད་མི་རུང་། གསེད་བཀྲོལ་གྲལ་བཤེར་དང་ལས་དོན་ལ་དམ་འཛིན་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བརྒྱུད་རིམ་ནང་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་སུའུ་ཝེ་ཨེད་ས་ཁུལ་རྗེས་སུ་མི་ལུས་པའི་འགན་ལེན་བྱེད་དགོས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མཐའ་འཁྱོངས་བྱས་ནས་གནད་དོན་གྱི་འབྱུང་རྩ་བཙལ་ཏེ་དབུལ་སྒྲོལ་བྱེད་ཐབས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་ངལ་དུབ་ལ་མི་སྐྲག་པ་དང་བསྟུད་མར་དམག་འཐབ་བྱེད་པའི་ཞུམ་མེད་ཀྱི་སྤྱོད་ཚུལ་ཐོག་ནས་འཐབ་ཕྱོགས་དང་པོ་དང་མང་ཚོགས་ཁྲོད་བསྐྱོད་དེ་དུས་ཐོག་ཏུ་དབུལ་སྒྲོལ་འགག་སྒྲོལ་གྱི་དཀའ་གནད་ཐག་གཅོད་བྱས་ཏེ་དམིགས་ཚད་དང་ལས་འགན་ཁག་དུས་བཀག་ལྟར་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས། གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་སུའུ་ཝེ་ཨེད་ས་ཁུལ་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ཐད་ཕུགས་ཀྱི་མིག་རྒྱང་ཐོག་ནས་དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་སྲུང་སྐྱོང་ཕན་ཚུན་མཐུན་སྦྱོར་དང་ཕན་ཚུན་སྐུལ་འདེད་གཏོང་བའི་ལས་དོན་མང་ཙམ་སྒྲུབ་པ་དང་ནམ་མཁའ་གཡའ་དག་པ་དང་། ཆུ་མོ་དྭངས་བ། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་ཏང་གི་ཕྱོགས་ཁག་གི་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྟོབས་དང་ལྡན་པའི་ཏང་རྩ་འཛུགས་ལ་བརྟེན་ནས་ལས་དོན་དང་ལས་འགན་ཁག་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ལི་ཀྲན་ཧྲུའུ་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད།
     དབང་དབྱང་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ནས་འཐུས་མི་ཕུར་བུ་དོན་གྲུབ་དང་། སྐལ་བཟང་སྒྲོལ་དཀར། བཀྲ་ཤིས་རྒྱལ་མཚན་སོགས་ཀྱི་གཏམ་བཤད་གསན་རྗེས། དབང་དབྱང་གིས་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་ཤིང་། ཁོང་གིས་འདས་ཟིན་པའི་ལོའི་ནང་བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་རྒྱུན་མཐུད་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད་མོད། འོན་ཀྱང་ཉེན་ཁ་དང་འགྲན་སློང་ཡང་མཐོང་ཐུབ་པ་བྱེད་དགོས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་དམིགས་ས་དང་ཤུགས་རྒྱག་ས་ཁོང་དུ་བརྟན་པོ་ཆུད་པ་དང་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་ཁོང་དུ་བརྟན་པོར་ཆུད་པ། བདེ་སྡོད་ཉེན་བསམ་དང་བརྟན་ཐོག་ཡར་བརྩོན། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་གི་དུས་བབ་བཟང་པོ་སྔར་བས་སྲ་བརྟན། དགོན་སྡེ་དོ་དམ་གྱི་ནུས་པ་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན། དབུལ་སྒྲོལ་འགག་སྒྲོལ་གྱི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་བྱས་ཏེ་གངས་ལྗོངས་ས་མཐོ་བརྟན་ལྷིང་འཆམ་མཐུན་དང་མི་རིགས་ཁག་གི་མི་དམངས་བདེ་སྡོད་ལས་བརྩོན་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
     ཝང་ཧུའུ་ཉིང་ཤིན་ཅང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་ཀྲའོ་ལེ་ཅི་ཧའེ་ནན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད།

  
style="display:none;"